ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༠༧ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ཞེ་གཅིག་པ་སྤེལ་དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས། བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་ཡིན།
དང་པོ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས་ཐོག་མར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་གསར་ཚེས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ད་ལན་གསལ་བསྒྲགས་ཞུ་དོན་དང་པོ་དེ་ཏོག་དབྱིབས་གཉན་རིམས་ ༡༩ སྔོན་འགོག་སྨན་ཁབ་དང་འབྲེལ་ད་ཆ་འཛམ་གླིང་ནང་རྒྱལ་ཁབ་གྲངས་ ༣༠ ཙམ་ནང་ཏོག་དབྱིབས་གཉན་རིམས་ ༡༩ སྔོན་འགོག་སྨན་ཁབ་དེ་རྒྱབ་སྒོ་བཙུགས་ཟིན་ཞིང་གནས་ཡུལ་རྒྱ་གར་ནང་དུའང་ད་ཆ་གྲ་སྒྲིག་གིས་རྒྱ་གར་གཞུང་ནས་ང་ཚོ་ཚང་མར་སྔོན་ཁབ་རྒྱབ་རྒྱུར་ཐེ་ཚོམ་མེད་པ་རེད། རྒྱ་གར་གཞུང་ནས་ད་བར་ང་ཚོར་ཏོག་དབྱིབས་གཉན་རིམས་ ༡༩ བརྟག་དཔྱད་ཡོ་བྱད། དེ་བཞིན་སྨན་དང་སྨན་བཅོས་ཁང་གི་མཐུན་འགྱུར་སོགས་ཡུལ་མི་དང་གཅིག་མཚུངས་གནང་ཡོད། སྔོན་འགོག་སྨན་ཁབ་དང་འབྲེལ་ཟླ་ ༡༢ ཚེས་ ༡༥ ཉིན་འཕྲོད་བསྟེན་དྲུང་ཆེས་་ཀངྒ་ར་རྫོང་གི་སྤྱི་ཁྱབ་སྨན་པ་འགན་འཛིན་དང་འབྲེལ་བ་གནང་བའི་ཐོག་སྔོན་འགོག་སྨན་ཁབ་གི་མཐུན་འགྱུར་ཞུ་སྤྲོད་དང་། སྒྲིག་འཛུགས་ནས་མཐུན་འགྱུར་སྦྱོར་སྤྲོད་དགོས་ཐད་གྲོས་བསྡུར་གནང་ཡོད་པས་ས་གནས་བོད་མི་རྣམས་ལ་སྔོན་འགོག་སྨན་ཁབ་དེ་ཡུལ་མི་དང་གཅིག་མཚུངས་ཐོབ་རྒྱུ་ཡིན་པ་ཐེ་ཚོམ་མེད་པ་གསུངས།
གནད་དོན་གཉིས་པ་དེ་སྔོན་འགོག་དང་འབྲེལ་བོད་མིའི་སྒྲིག་འཛུགས་ནས་ལམ་སྟོན་བཀོད་ཁྱབ་རིམ་གནང་དང་། དེ་བཞིན་ས་གནས་སུ་ཛ་དྲག་ཚོགས་ཆུང་དང་བོད་མི་སྒེར་མི་རེ་ངོ་རེ་ངོས་ནས་ལམ་སྟོན་བཀོད་ཁྱབ་ལ་བརྩི་སྲུང་གང་ལེགས་གནང་བ་ལས་ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ནང་ནད་ཡམས་འདིའི་གནས་སྟངས་བཟང་དུ་ཕྱིན་ཡོད། ཡིན་ནའང་ད་དུང་མང་ཚོགས་ནས་གནས་སྟངས་བཟང་དུ་ཕྱིན་པར་དགོངས་ནས་སྔོན་འགོག་གི་ཐབས་ལམ་རྣམས་མ་བསྟེན་ན་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ད་དུང་ཡོད་པ་ཡིན། ཉེ་བའི་ཆར་ཨིན་ཡུལ་དང་ལྷོ་ཨ་ཕི་རི་ཀའི་ནང་དུ་གཉན་སྲིན་གྱི་ངོ་བོ་རྣམ་པ་འགྱུར་བ་ལས་ནད་གཞི་འགོ་རྒྱུའི་ཉེན་ཁ་བརྒྱ་ཆ་ ༦༠་་༧༠ ཙམ་ཆེ་རུ་འགྲོ་བའི་གནས་ཚུལ་ཐོན་ཡོང་གི་ཡོད་པས་དེ་ཚོའི་རིགས་ང་ཚོའི་སྤྱི་ཚོགས་ནང་སླེབས་མ་སྲིད་པ་མིན་པས་མུ་མཐུད་ནས་ཁ་རས་གྱོན་རྒྱུ། མིའི་དབར་རྒྱང་ཐག་འཇོག་རྒྱུ། ལག་པ་ཡང་སེ་འཁྲུ་རྒྱུ་སོགས་སྔོན་འགོག་ཐབས་ལམ་མུ་མཐུད་བསྟེན་དགོས། དེ་བཞིན་གཉན་རིམས་འདིའི་ནད་རྟགས་ཆམས་ཚད་དང་འདྲ་བས་མང་ཚོགས་ནས་སྣང་མེད་དུ་མ་འཇོག་པར་ཉེ་འགྲམ་གྱི་སྨན་པར་བསྟེན་གཏུག་གནང་གལ་ཆེ། དེ་མིན་ནད་རྟགས་ཚབས་ཆེ་དབུགས་གཏོང་ལེན་དཀའ་བའི་གནས་སྟངས་ཆགས་ཚེ་ཛ་དྲག་དང་ཉེན་ཚབས་ཆེན་པོ་ཆགས་ཀྱི་ཡོད་ན། ཐོག་མ་ནད་རྟགས་མངོན་དུས་རྣམ་གཡེང་དུ་མ་སོང་བར་སྨན་པ་བསྟེན་གཏུག་དང་གསོ་བཅོས་གནང་འགོ་འཛུགས་རྒྱུ་ཤིན་ཏུ་གལ་ཆེ་བ་དེ་དོན་ལམ་སྟོན་ཞུ་རྒྱུ་དང་། དེ་ནས་ཉེ་བའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུ་འཕེན་པས་འོས་བསྡུའི་སྐབས་འདི་ནས་ལམ་སྟོན་ཕུལ་བ་བཞིན་དབུས་སའི་ས་གནས་འོས་བསྡུ་ཚོགས་ཆུང་ནས་ཐུགས་འགན་ཆེ་བཞེས་ཀྱིས་ནད་ཡམས་སྔོན་འགོག་གི་ཐབས་ལམ་རྣམས་ཧ་ཅང་ཡག་པོ་གནང་སོང་བས་འཕྲོད་བསྟེན་འགོ་ལས་ཡོངས་ནས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ།
གནད་དོན་གསུམ་པ་དེ་ཉེ་བའི་ཆར་རྒྱ་གར་ནང་བྱ་ཡི་རིམས་ནད་ཅིག་བྱུང་བས་རྒྱ་གར་དབུས་སའི་གཞུང་ནས་ལམ་སྟོན་གནང་ཡོད་པས་དེའི་ཐོག་ད་ལྟ་ཆེད་ལས་སྨན་པས་ལམ་སྟོན་གནང་རྒྱུ་ཡིན་པས་དེ་ཚོའི་ཐོག་མང་ཚོགས་ནས་ཐུགས་སྣང་ཡོང་བ་ཞུ་རྒྱུ་ཡིན།
མཐའ་དོན་ཏོག་དབྱིབས་གཉན་རིམས་འདིས་གཙོས་ནད་གཞི་གང་དང་གང་ཡིན་ཡང་སྔོན་འགོག་བྱ་རྒྱུ་ཡོད་པས་སྔོན་འགོག་ཐོག་འཐུས་ཤོར་དུ་མ་སོང་བར་གནང་རྒྱུ་ཤིན་ཏུ་གལ་ཆེ་བ་དེ་དོན་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཞུ་བཞིན་ཡོད།
གཉིས་པ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུས་དོན། འདས་པའི་བདུན་ཕྲག་ནང་ཁྱོན་རྒྱ་གར་ནང་གི་ས་གནས་གྲངས་ ༡༦ དང་། བལ་ཡུལ་ས་གནས་གྲངས་ ༢ ནང་ཁྱོན་བོད་མི་གྲངས་ ༣༡༦ ༼རང་ཁྱིམ། ༡༡༣ ཚོགས་སྡེ་དང་སྒྲིག་འཛུགས་ཀྱིས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་༢༠༣༽ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། གཉིས་པ་གསོ་རིག་ལུས་སེམས་ནུས་གསོའི་སྨན་དང་འབྲེལ་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པ་དང། འབྲེལ་གཏུག་བྱུང་བ། དེ་བཞིན་ཟུར་བཀག་ཐོག་བཞུགས་པ་དང་ནད་རྟགས་ཡོད་པ་བཅས་མི་གྲངས་ ༥༢༤ ཙམ་ལ་སྨན་ཕུལ་བས་ད་བར་ཁྱོན་བོད་མི་གྲངས་ ༢༣༩༨༦ ཙམ་ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་རིན་མེད་ཐོག་འགྲེམས་སྤེལ་ཞུས་ཟིན། ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་རྒྱ་གར་ནང་གི་ས་གནས་གྲངས་ ༡༤ དང་། བལ་ཡུལ་ནང་གི་ས་གནས་གྲངས་ ༡ བཅས་ནང་ཁྱོན་མི་གྲངས་ ༥༥༨ ཙམ་ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་ཟིན་པའི་གནས་ཚུལ་ཞུ།
གསུམ་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ནད་གཞི་ཕོག་པ་སྙན་གསང་ཞུ་རྒྱུར། འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་དུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༢༥ བྱུང་། ཞིབ་ཕྲ་ནི། རྡ་ས་ཁུལ་ནས་མི་གྲངས་ ༤ སྦེལ་ཀོབ་ལུགས་བསམ་ནས་མི་གྲངས། ༡ ལ་དྭགས་ཁུལ་ནས་མི་གྲངས། ༡༩ བདེ་སྐྱིད་གླིང་ཁུལ་ནས་མི་གྲངས། ༡ བཅས་ཁྱོན་མི་གྲངས་ ༢༥ བྱུང་ཡོད་པ་རྣམས་ལས་སྐྱེས་པ་གྲངས་ ༡༣ དང་། བུད་མེད་གྲངས་ ༡༢ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༧༡ དང་ཆུང་ཤོས་དེ་ལོ་ ༡༤ ནད་རྟགས་ཡོད་པ་མི་གྲངས། ༦ ནད་རྟགས་མེད་པ་མི་གྲངས།་༡༩ ཡིན་པ་རེད། ད་བར་རྒྱ་གར་དང་བལ་ཡུལ་ནང་བོད་མི་ནད་གཞི་ཕོག་པ་གྲངས་ ༡༤༧༣ དྲག་སྐྱེད་བྱུང་བ་མི་གྲངས་ ༡༣༩༢ འདས་གྲོངས་སོང་བ་མི་གྲངས། ༣༧ ད་ལྟ་ནད་མནར་བཞིན་པ་མི་གྲངས།་༤༤ བཅས་བྱུང་བའི་གནས་ཚུལ་ཞུ། ནད་གཞི་ཕོག་པ་དང་དེ་བཞིན་ནད་པ་དང་ཐད་ཀར་འབྲེལ་གཏུག་བྱུང་བ་རྣམས་རང་ཁྱིམ་དང་། ཚོགས་སྡེའི་ཟུར་བཀག་ཐོག་དོ་ནན་བཞུགས་ཏེ་གསོ་བཅོས་གནང་བཞིན་པའི་གནས་སྟངས་ཞུ།
གསུམ་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཞུ་རྒྱུའི་དོན་གནད་གཙོ་བོ་འདས་པའི་ལོ་གཅིག་གི་ནང་རྒྱལ་སྤྱི་ཁྱོན་ཡོངས་ནང་ནད་གཞི་ཕོག་པ་མི་གྲངས་ས་ཡ་ ༨༥ ལྷག་བྱུང་ཡོད་པ་དང་། མི་འདས་གྲོངས་སོང་བའི་གྲངས་དེ་མི་ས་ཡ་ ༡ ལྷག་བརྒལ་བའི་གནས་སྟངས་ཆགས་ཡོད། འདི་ག་གནས་ཡུལ་རྒྱ་གར་ནང་དུ་ད་བར་ཁྱོན་ནད་གཞི་ཕོག་པ་མི་གྲངས་ས་ཡ་ ༡༠ ལྷག་དང་། དྲག་བསྐྱེད་སོང་བའི་བརྒྱ་ཆ་དེ་ ༩༦་༣༦། འདས་གྲོངས་སོང་བའི་བརྒྱ་ཆ་དེ་ ༡་༤༥ །རྒྱ་གར་ནང་འདས་པའི་ཆུ་ཚོད་༢༤ ཏེ་ཕྱི་ཚེས་ ༥ ཉིན་ནད་གཞི་གསར་པ་ཕོག་པའི་མི་གྲངས་ ༢༠༣༤༦ ཙམ་བྱུང་འདུག དེ་སྔ་ཕྱི་ཟླ་ ༩ པའི་ནང་ནད་གཞི་ཕོག་པའི་མི་གྲངས་འབུམ་བཅུ་ལྷག་བརྒལ་བ་ནས་ད་ཆ་འབུམ་གཉིས་ལྷག་ཙམ་ལ་བབ་པས་སྤྱིར་གནས་སྟངས་བཟང་དུ་འགྲོ་བཞིན་ཡོད་ཀྱང་། ཉེ་བའི་ཆར་ཆོས་ཕྱོགས་སོགས་ཀྱི་དུས་ཆེན་དང་དེ་བཞིན་དགུན་གྱི་གནམ་གཤིས་གྲང་ངར་སོང་བ་དང་། ལྷག་པར་ཨིན་ཡུལ་ནས་གཉན་སྲིན་གྱི་ངོ་བོ་རྣམ་པ་འགྱུར་བ་སོགས་ལས་ཨ་རི་དང་ཡུ་རོབ་ཨིན་ཡུལ་བཅས་ནང་ནད་གཞི་ཕོག་པའི་གྲངས་ཇེ་མང་དུ་འགྲོ་བཞིན་རྒྱལ་ཡོངས་སྒོ་རྒྱ་བསྡམས་པ་དང་། སྨན་ཁང་ནང་ནད་པ་འཇོག་སའི་ཉལ་ཁྲི་མ་འདང་བ་སོགས་ཀྱི་ཛ་དྲག་གནས་སྟངས་ཆགས་ཡོད་ན། ཚང་མས་རྒྱལ་ཁབ་དེ་དག་དུ་བཞུགས་མཁན་རྣམས་ནས་གཟབ་གཟབ་གནང་རྒྱུ་ཤིན་ཏུ་གལ་ཆེ། ད་ལྟའི་ཆར་རྒྱ་གར་དང་ཨིན་ཡུལ་ནང་གཉན་སྲིན་ངོ་བོ་འགྱུར་བའི་ནད་གཞི་ཕོག་པའི་མི་གྲངས་དེ་ ༧༣ ཙམ་བྱུང་ཡོད་འདུག
དེ་ནས་ཏོག་དབྱིབས་གཉན་རིམས་ ༡༩ སྔོན་འགོག་སྨན་ཁབ་དང་འབྲེལ་ད་ལྟ་དྲུང་གཞོན་ཀུན་བཟང་ལགས་ཀྱིས་གསུངས་པ་བཞིན་རྒྱ་གར་ནང་དུ་ད་ཆ་སྔོན་འགོག་སྨན་ཁབ་རྒྱག་རྒྱུའི་ལས་གཞི་དངོས་སུ་འགོ་ཚུགས་ལ་ཉེ་བས་བོད་མིའི་སྒྲིག་འཛུགས་ངོས་ནས་ཡིན་ནའང་རྒྱ་གར་དབུས་སའི་གཞུང་ལ་འབྲེལ་བ་གནང་བའི་ཐོག་བོད་མི་རྣམས་ལ་སྔོན་འགོག་སྨན་ཁབ་ཡུལ་མི་དང་གཅིག་མཚུངས་ཐོབ་རྒྱུ་ཡིན་པ་གསུངས་པ་བཞིན་རེད། ཉེ་བའི་ཆར་རྒྱ་གར་ནང་གི་མངའ་སྡེ་ (Kerala, Madhya Pradesh, Himachal Pradesh, Rajasthan) བཅས་ཀྱི་ནང་བྱའི་རིམས་ནད་ཕོག་པའི་གནས་ཚུལ་བྱུང་བཞིན་པར་དེ་དང་འབྲེལ་བྱའི་རིམས་ནད་འདི་གཙོ་བོ་སྲོག་ཆགས་བྱའི་རིགས་ལ་བྱུང་བ་ཞིག་ཏེ་བྱ་བྱེའུ་ཕོ་རོག ངང་པ་དང་བྱ་དེ་སོགས་ལ་བྱུང་བའི་རིམས་ནད་ཞིག་ཡིན་པས་སྲོག་ཆགས་དེ་ཚོ་དང་ཐད་ཀར་འབྲེལ་བ་ཡོད་པའི་ལས་རིགས་གཉེར་མཁན་རྣམས་ལ་རིམས་ནད་འདི་འགོ་ཉེན་ཆེན་པོ་ཡོད་པས་གཟབ་གཟབ་གནང་གལ་ཆེ། ཆམས་རིམས་སྔོན་འགོག་སྨན་ཁབ་རྒྱག་ཟིན་པ་རྣམས་ལ་ད་ལྟའི་བྱའི་རིམས་ནད་བརྒྱ་ཆ་བརྒྱ་བཀག་འགོག་ཐུབ་པའི་ངེས་པ་མེད་པས་ཚང་མས་གཟབ་གཟབ་གནང་རོགས་ཞུ། བྱའི་རིམས་ནད་འདི་གལ་སྲིད་མི་ལ་འགོས་ཚེ་དེའི་ནད་རྟགས་སུ་ཚ་བ་འཕར་བ། གློ་ལྡང་བ། གྲེ་བ་ཚ་འཛེར་བྱེད་པ། ཤ་སྒྲིམ་ན་ཟུག་བཏང་བ། དབུགས་གཏོང་ལེན་དཀའ་བ། ཁག་གཅིག་ལ་ལྟོ་བ་ན་ཟུག་ལྡང་བ་དང་བཤལ་སྐྱུག་བྱེད་པའང་ཡོང་གི་ཡོད་ན་ནད་རྟགས་འདི་ཚོ་ཡང་ད་ལན་གྱི་ཏོག་དབྱིབས་གཉན་རིམས་ ༡༩ དང་འདྲ་ཆེ་བས་མང་ཚོགས་ནས་གོང་གི་ནད་རྟགས་དེ་ཚོ་མངོན་ཚེ་སྣང་མེད་དུ་མ་བཞུགས་པར་སྨན་པ་བསྟེན་གཏུག་གིས་ཚད་ལྡན་བརྟག་དཔྱད་དང་སྨན་བཅོས་བྱ་རྒྱུ་ཤིན་ཏུ་གལ་ཆེ།
མཐའ་དོན་ཞུ་རྒྱུར་ད་བར་ང་ཚོ་ཚོགས་སྒེར་ཚང་མས་ནད་གཞི་སྔོན་འགོག་དང་ཁྱབ་གདལ་བཀག་འགོག་ཆེད་ལས་དོན་མང་པོ་གནང་ཡོད། ད་དུང་ཡིན་ནའང་མུ་མཐུད་ནས་སྔོན་འགོག་དང་ཁྱབ་གདལ་བཀག་འགོག་གི་སྤྱོད་པ་སྟེ་ཁ་རས་གྱོན་རྒྱུ་དང་། མིའི་དབར་རྒྱང་ཐག་འཇོག་རྒྱུ། ཁ་ལུད་སྣབས་ལུད་གང་བྱུང་མ་གཡུག་པ། ལས་ཡུལ་ལས་ཁུངས་དང་། ཟ་ཁང་མགྲོན་ཁང་། ཚོང་ཁང་སོགས་དང་དེའི་ཉེ་འཁོར་རྣམས་དུག་སེལ་གནང་རྒྱུ། ལག་པ་ཡང་སེ་འཁྲུ་བ་དང་། གལ་ཏེ་རང་ཉིད་ལ་ནད་རྟགས་མངོན་ཚེ་སྨན་པ་བསྟེན་གཏུག་གནང་རྒྱུ་སོགས་བྱ་སྤྱོད་དེ་དག་མུ་མཐུད་ནས་བསྟེན་རོགས་གནང་། ང་ཚོའི་ངོས་ནས་སྤྱོད་པ་ཚུལ་བཞིན་བསྟེན་པ་ཡིན་ན་ད་ལྟ་སྨན་ཁང་དང་སྤྱི་ཚོགས་ནང་དངོས་སུ་ཞབས་ཞུ་སྒྲུབ་མཁན་རྣམས་ལ་ཕྱག་ལས་དང་དཀའ་ངལ་ཉུང་དུ་འགྲོ་ངེས་ཡིན་པས་ང་ཚོས་རང་ཉིད་གཅིག་པུ་མིན་པར་རྒྱ་ཆེ་ནས་དགོངས་པ་བཞེས་པའི་ཐོག་སྔོན་འགོག་ཐབས་ལམ་རྣམས་མུ་མཐུད་ནས་བསྟེན་རོགས་གནང་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།
དེ་རྗེས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ལམ་སྟོན་གནང་དོན་གཙོ་བོ་ཉིན་ཤས་སྔོན་རྒྱ་གར་ནང་བྱའི་རིགས་ལ་ཆམས་ནད་ཕོག་པའི་གསར་འགྱུར་ཐོན་བཞིན་པར་རྒྱ་གར་ནང་གི་མངའ་སྡེ་བཞིའི་ནང་སྟེ་ཧི་མཱ་ཅལ་མངའ་སྡེ་ཆགས་ཡོད། དེའང་རྡ་རམ་སཱ་ལཱ་ནས་ལྷོ་ཕྱོགས་སུ་པོང་ཟམ་ཆེན་ (Pong Dam) ཁུལ་དུ་ནམ་རྒྱུན་དགུན་ཁ་གནམ་གཤིས་གྲང་བའི་སྐབས་བོད་དང་ཀཱ་ཛ་ཀིས་ཐཱན་སོགས་ས་མཐོ་ས་ནས་བྱའི་རིགས་མང་པོ་ཞིག་དེ་གར་གནས་སྤོས་ནས་གནས་སྡོད་བྱེད་བཞིན་ཡོད་པས་བྱ་དེ་ཚོའི་ནང་ཆམས་རིམས་ཕོག་ཅིང་བྱ་ཆིག་སྟོང་ལྷག་གི་སྲོག་ཕྱིན་པའི་གནས་ཚུལ་བྱུང་འདུག འོན་ཀྱང་ད་ལྟའི་ཆར་བྱ་ནད་དེ་མིར་འགོས་པའི་གནས་ཚུལ་ཐོན་མི་འདུག་ཀྱང་ང་ཚོའི་ངོས་ནས་གཟབ་གཟབ་གནང་རྒྱུ་གལ་ཆེ། དམིགས་བསལ་བྱ་གསོ་ཁང་སོགས་སུ་ཕྱག་ལས་གནང་མཁན་དང་བྱའི་རིགས་དང་ཐད་ཀར་འབྲེལ་བ་ཡོད་མཁན་རྣམས་ནས་ལས་ཀའི་ངོ་བོའི་ཆ་ནས་འགོས་ཉེན་ཆེ་བ་ཡོད་པས་གལ་ཏེ་བྱའི་རིམས་ནད་ཀྱི་ནད་རྟགས་མངོན་ཚེ་སྨན་པར་སྔ་ས་ནས་བསྟེན་གཏུག་གནང་ན་ཛ་དྲག་དང་གནས་སྟངས་སྡུག་ཏུ་མ་འགྲོ་བར་ཕན་ཐོགས་ཡོད།
ད་ལྟའི་བྱའི་རིམས་ནད་འདི་མི་ནས་མི་ལ་འགོ་རྒྱུའི་ཉེན་ཁ་ཉུང་ཉུང་རེད་འདུག རྩ་བའི་ནད་གཞི་འདི་ཕོག་སྐབས་གཞི་ལྕི་བོ་དང་ཉེན་ཚབས་ཆེན་པོ་ཡོད་ཀྱང་མི་གཞན་ལ་འགོས་རྒྱུའི་ཉེན་ཁ་དེ་ཙམ་མེད། རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་ནང་བོད་མི་གནས་སྡོད་བྱེད་མཁན་མང་པོ་ཡོད་པས་ད་ལྟའི་ཆར་མངའ་སྡེ་དེའི་ནང་བྱའི་རིམས་ནད་ཕོག་པའི་གནས་ཚུལ་བྱུང་མིན་འདུག་ཀྱང་མངའ་སྡེའི་གཞན་ཀེ་ར་ལ་དང་མེ་སོར་དང་སྦེལ་ཀོབ། ཀོ་ལེ་གྷལ་སོགས་དང་ས་ཐག་ཉེ་བ་ཡོད་ན་ཀར་ཎ་ཊ་ཀའི་གཞུང་ངོས་ནས་ས་གནས་དེ་ཚོའི་ནང་གནས་བཞུགས་གནང་མཁན་རྣམས་ནས་གཟབ་གཟབ་གནང་དགོས་པ་གསུངས་འདུག་ན་ང་ཚོའི་ངོས་ནས་ལམ་སྟོན་ཞུ་རྒྱུར། ད་ལྟའི་ཆར་བྱ་ཤ་དང་སྒོ་ངའི་རིགས་མཆོད་མ་དགོས་ན་ཡག་ཤོས་དང་མཆོད་དགོས་འབྱུང་ཚེ་ཤ་དང་སྒོ་ང་ཚོད་པོ་བཙོས་ནས་མཆོད་དགོས་པའི་གལ་ཆེ་བའི་ལམ་སྟོན་ཞུ། རྒྱ་གར་ནང་ད་ཆ་ཤིང་ནགས་ནང་གི་བྱ་རིགས་ (wild birds) ནང་རིམས་ནད་དེ་ཐོན་པ་མ་གཏོགས་བྱ་གསོ་ཁང་ནང་བྱ་ནད་ཕོག་པ་ར་འཕྲོད་བྱུང་མིན་འདུག
དེ་ནས་ཏོག་དབྱིབས་གཉན་རིམས་ ༡༩ དང་འབྲེལ་ད་ལྟའི་ཆར་ཉི་འོང་དང་ཨིན་ཡུལ་སོགས་རྒྱལ་ཁབ་ཁ་ཤས་ནང་ནད་གཞི་ཕོག་པའི་གྲངས་འཕར་ཡོང་གི་འདུག རྒྱ་གར་ནང་ཡིན་ན་ལྷོ་ཕྱོགས་ཀེ་ར་ལ་ཁུལ་དུ་ནད་པའི་གྲངས་འཕར་ཡོང་གི་འདུག དེ་སྔོན་ཞུས་པ་བཞིན་རྒྱ་གར་ལྷོ་ཕྱོགས་ནང་ཕྱི་ཟླ་ ༡་་་༢ ནང་ནད་ཡམས་འདིའི་གནས་སྟངས་ཛ་དྲག་ཏུ་འགྲོ་སྲིད་པ་ཚན་རིག་པ་ཁག་གཅིག་གིས་ཚོད་དཔག་བྱེད་བཞིན་ཡོད་པས་ད་ཆ་ང་ཚོ་བོད་མིའི་གཞིས་ཆགས་ཁག་ནང་གནས་སྟངས་བཟང་དུ་ཕྱིན་པ་དེ་མུ་མཐུད་ནས་གནས་རྒྱུར་ཁ་རས་གྱོན་པ་དང་། མིའི་དབར་རྒྱང་ཐག་འཇོག་པ་སོགས་ཐབས་ལམ་རྣམས་མུ་མཐུད་ནས་བསྟེན་རོགས།
མཐའ་དོན་གཏམ་བཟང་གཅིག་ཞུ་རྒྱུར། རྒྱ་གར་ནང་ད་ཆ་ཏོག་དབྱིབས་གཉན་རིམས་ ༡༩ སྔོན་འགོག་སྨན་ཁབ་དེ་བརྒྱག་རྒྱུའི་གྲ་སྒྲིག་དང་ལས་རིམ་འགོ་འཛུགས་ལ་ཉེ་བས་ང་ཚོའི་ངོས་ནས་སྔོན་འགོག་སྨན་ཁབ་རྒྱག་སྟངས་དང་རྒྱག་ལུགས་སོགས་གྲ་སྒྲིག་ཆ་ཚང་བྱེད་བཞིན་ཡོད་ན་གང་མྱུར་ང་ཚོ་ཚང་མར་སྔོན་འགོག་སྨན་ཁབ་དེ་ཐོབ་རྒྱུའི་རེ་བ་དང་སྨོན་ལམ་ཡོད། དེ་བར་ཚང་མས་ཐུགས་ལྕག་གནང་དགོས་ཞུ་བ་དང་སྦྲགས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༤༡ པ་དེ་མཇུག་སྒྲིལ་གནང་། །