ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༣ རེས་གཟའ་ཉི་མའི་ཉིན་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བཙན་བྱོལ་བོད་མི་ལོ་ན་བཅོ་བརྒྱད་ཡན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྤྱི་འཐུས་འོས་འདེམས་ཆེད་སྔོན་འགྲོའི་འོས་ཤོག་འཕངས་ཡོད།
དེ་ཡང་གོང་ཚེས་ཉིན་བཞུགས་སྒར་ཁུལ་དུ་སྔ་དྲོ་ཆུ་ཚོད་ ༨།༠༠ ནས་ཕྱི་དྲོ་ཆུ་ཚོད་ ༥།༠༠ བར་འོས་ཤོག་འཕེན་རྒྱུའི་དུས་ཚོད་གཏན་འབེབས་ཀྱི་གསལ་བསྒྲགས་སྔོན་སོང་ལྟར། ས་ཚིགས་སོ་སོར་ཚ་ཚ་འུར་འུར་ངང་སྔོན་འགྲོའི་འོས་བསྡུ་ཆེན་མོའི་ནང་ཆ་ཤས་བླངས་ཡོད།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསར་འགོད་པ་རྣམ་པར་གསུང་དོན། བཙན་བྱོལ་བོད་མི་རྣམས་ནས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་འཕེན་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་རས་གནང་བའི་མང་གཙོ་ལམ་ལུགས་དང་། དེ་བཞིན་མི་ཐོག་རྒན་པས་སྐུ་ལས་བསྐྱོན་ཏེ་ངོམས་སུ་ཆོག་པ་དང་གྲུབ་འབྲས་སྨིན་པའི་མང་གཙོ་ལམ་ལུགས། རྒྱལ་སྤྱིའི་མང་གཙོ་རྒྱལ་ཁབ་ག་འདྲ་ཞིག་ཡོད་པ་ཡིན་ནའང་དེ་དག་དང་མཉམ་དུ་དཔུང་པ་འདྲ་མཉམ་བྱས་ནས་འགྲོ་ཐུབ་པའི་མང་གཙོ་ལམ་ལུགས་འདི་གཟི་བརྗིད་དང་ལྡན་པ་ཞིག་དང་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་རེད། ང་ཚོས་རྒྱ་ནག་གཞུང་ལ་བརྡ་ལན་གང་གཏོང་གི་ཡོད་དམ་ཞེ་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་བོད་མི་རྣམས་འཛམ་གླིང་ཡུལ་གྲུ་གང་སར་གནས་ཡོད་ཀྱང་ཚང་མས་བོད་མིའི་སྒྲིག་འཛུགས་ནས་མང་གཙོའི་ཐོབ་ཐང་གནང་བའི་ནང་ཆ་ཤས་ལེན་གྱི་ཡོད། བོད་ནང་ཡོད་པའི་བོད་མིའི་མངོན་འདོད་ནི་མང་གཙོ་རེད། རྒྱ་ནག་ནང་ཡོད་པའི་རྒྱ་རིགས་རྣམས་ཀྱི་མངོན་འདོད་ཀྱང་མང་གཙོ་རེད། དེར་བརྟེན་རྒྱ་ནག་གཞུང་ཡིན་ནའང་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ཀྱིས་མང་གཙོ་ལག་བསྟར་ཇི་ལྟར་བྱེད་ཀྱི་འདུག དེར་མིག་དཔེ་ལྟ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དེ་བཞིན་ཐེ་ཝན་དང་ཧོང་ཀོང་ནང་དམ་བསྒྲགས་བཀག་སྡོམ་བྱེད་ཀྱི་ཡོད་ནའང་མི་མང་གིས་མང་གཙོ་ལག་བསྟར་ཇི་ལྟར་བྱེད་ཀྱི་འདུག དེ་དག་ལ་བལྟས་ནས་མང་གཙོ་ཧ་ཅང་གལ་ཆེན་པོ་རེད། བོད་ནི་རྒྱ་ནག་གིས་བཙན་བཟུང་འོག་ཡོད་པ་མ་ཟད། ཉིན་རེ་བཞིན་སྡུག་རྩུབ་མནར་གཅོད་དང་དབྱེ་འབྱེད། དེ་བཞིན་རིག་གཞུང་རྩ་མེད་གཏོང་བཞིན་ཡོད་ནའང་བཙན་བྱོལ་བོད་མི་རྣམས་ནས་གཞིས་ལུས་བོད་མི་རྣམས་ནམ་ཡང་བརྗེད་མེད། རང་ལུས་མེར་སྲེག་གཏོང་མཁན་རྣམ་པས་གཙོས་བོད་མི་རྒྱལ་གཅེས་སེར་སྐྱ་ཕོ་མོ་རྒན་བྱིས་གྲངས་ལས་འདས་པ་ཞིག་དུས་མིན་རྐྱེན་ལམ་དུ་བཏང་བ་དང་། ཉེས་མེད་ཁྲི་ཚོ་མང་པོར་བཙོན་འཇུག་དང་མནར་གཅོད། དེ་བཞིན་གར་སོང་ཆ་མེད་བཟོས་པ་སོགས་ཀླ་ཀློའི་བྱ་སྤྱོད་འོག་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་གཞིས་ལུས་བོད་མི་རྣམས་ང་ཚོས་ནམ་ཡང་བརྗེད་མེད།
ང་ཚོའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་རྩོད་ཀྱི་ཡོད་པ་དེ་མུ་མཐུད་འགྲོ་གི་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་བཞེངས་མཁན་ཡོངས་ལ་རྗེས་སུ་ཡི་རང་དང་ལམ་ལྷོངས་ཡོང་བར་ཤོག་ཅེས་སྨོན་འདུན་ཡོད། སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སུ་མི་སུ་འདྲ་ཞིག་ཕེབས་པ་ཡིན་ནའང་ཁོང་རྣམ་པས་བོད་མིའི་སྒྲིག་འཛུགས་ཀྱི་ཆེད་དུ་འགན་འཁུར་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་ཞབས་ཕྱི་ཞུ་དགོས་ཀྱི་ཡོད་སྟབས། བྱ་བ་ལམ་འགྲོ་ཡོང་བར་ཤོག་ཅེས་སྨོན་ལམ་རྒྱག་དགོས་པ་དང་། རྡོག་རྩ་གཅིག་སྒྲིལ་བྱས་ནས་རྒྱབ་སྐྱོར་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས། །