ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །སྤྱི་ཚོགས་དྲ་རྒྱ་སྐད་འཕྲིན་ཚོགས་པའི་ནང་བཙན་བྱོལ་བོད་མིའི་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་བརྒྱུད་སྐུར་བྱས་པའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་བོད་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་ནས་ཡིན་པའི་བོད་མི་གཉིས་འཛིན་བཟུང་བྱས་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། སྐད་འཕྲིན་ཚོགས་པ་ཞིག་ཏུ་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་ཞིག་བརྒྱུད་སྐུར་བྱས་པའི་ཉེས་མིང་འོག་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་ནས་ཡིན་པའི་བོད་མི་གཉིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་མི་ཁག་གཅིག་ལ་འདྲི་རྩད་བྱས་ཡོད་འདུག
ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༦ ཉིན་མཚོ་སྔོན་ཞིང་ཆེན་ཡུ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་གནས་ཚུལ་བརྒྱུད་བསྒྲགས་བྱས་པའི་ཉེས་མིང་འོག ཆིག་སྒྲིལ་ཚོགས་པ་ཞེས་པའི་སྐད་འཕྲིན་ཚོགས་པ་ཞིག་གི་ཚོགས་གཙོ་བོད་མི་སྐ་ཁོ་དང་གནམ་ཡག་ཞེས་པ་འཛིན་བཟུང་བྱས་ཏེ་རྫོང་ཉེན་རྟོག་ལས་ཁུངས་སུ་འཁྲིད་རྗེས། ཁོང་གཉིས་ཀྱི་གནས་སྟངས་སྐོར་ལ་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག
དེ་མིན་ས་གནས་འགོ་ཁྲིད་དང་ལས་མི་སོགས་གྲོང་སྡེ་དང་འབྲོག་ས་ཁག་ཏུ་སོང་ནས་མི་མང་ལ་གང་བྱུང་འདྲི་བཤེར་དང་། ཁ་པར་ནང་གི་སྐད་འཕྲིན་སོགས་སྔོག་བཤེར་བྱས་ཏེ་ས་གནས་ཀྱི་པར་དང་ཡུལ་ལྗོངས་ཙམ་མ་གཏོགས། མི་སྣ་སོགས་ཀྱི་པར་ཉར་ཚགས་མི་ཆོག་པར་སུབ་དགོས་ཀྱི་ཡོད་སྐོར་བརྗོད་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ནས་བཟུང་སྐད་འཕྲིན་ལ་དམ་དྲག་སྔར་ལྷག་བྱས་ཡོད་པ་མ་ཟད། བོད་ཡུལ་གྱི་སྐད་འཕྲིན་མ་ལག་བརྗེ་སྒྱུར་དང་ནག་ཚོགས་གཙང་སེལ་སོགས་ལ་ཁ་གཡར་ནས་འདྲི་རྩད་སྔོག་བཤེར་དང་། དྲ་རྒྱའི་བདེ་སྲུང་བཅའ་ཁྲིམས་ཟེར་བར་འགལ་བའི་ཉེས་མིང་འོག་བོད་མི་མང་པོར་ཉེས་ཆད་དང་ཁྲིམས་ཐག་བཅད་ཡོད། །