ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་བཀྲ་ཤིས་དབང་ཕྱུག་ལགས་ལོ་ལྔའི་རིང་བཙོན་བཅུག་བྱས་རྗེས་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༨ ཉིན་གློད་གྲོལ་བཏང་ཡོད།
དེ་ཡང་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་ལིང་ཞའོ་ཅུན་གྱིས་ཊུ་ཊར་དྲ་རྒྱའི་ཐོག་ཕྱི་ཚེས་ ༢༨ ཉིན་གནས་ཚུལ་སྤེལ་བར་ལྟར་ན། མཚོ་སྔོན་ཞིང་ཆེན་ཁྲི་འདུ་རྫོང་གི་ས་གནས་ཁྲིམས་འཛིན་ལས་ཁང་གི་མི་སྣས་བཀྲ་ཤིས་དབང་ཕྱུག་ལགས་སྒ་སྐྱེ་རྒུ་མདོར་བསྐྱལ་ཏེ་བཙོན་གྲོལ་བཏང་ཡོད་པ་དང་། ད་ལྟའི་ཆར་བཀྲ་ཤིས་དབང་ཕྱུག་ལགས་ཁོང་གི་སྲིང་མོའི་ཁྱིམ་དུ་ཡོད། ཁོང་གི་ནང་མིས་ཁོང་གི་སྐུ་གཟུགས་གནས་སྟངས་ཡག་པོ་ཡོད་ཚུལ་བརྗོད་པ་ལས། ཁྲིམས་རྩོད་པ་ལིང་ཞའོ་ཅུན་ལ་བཀྲ་ཤིས་དབང་ཕྱུག་ལགས་ཁྱིམ་དུ་འབྱོར་བའི་འདྲ་པར་རག་མེད་པ་དང་། དེ་བཞིན་ལིང་ཞའོ་ཅུན་གྱིས་ཁོང་གི་ནང་མི་དང་ཐད་ཀར་འབྲེལ་བ་བྱུང་མེད་སྟབས། བཀྲ་ཤིས་དབང་ཕྱུག་ལགས་ལ་རང་དབང་ཆ་ཚང་ཡོད་མེད་ཤེས་རྟོགས་མ་བྱུང་ཞེས་བཀོད་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། བཀྲ་ཤིས་དབང་ཕྱུག་ལགས་བཙོན་ནས་གློད་བཀྲོལ་བཏང་བའི་གནས་ཚུལ་ལ་ང་ཚོས་དགའ་བསུ་ཞུ་བཞིན་པའི་སྐབས་འདིར་ང་ཚོས་བཀྲ་ཤིས་དབང་ཕྱུག་ལགས་དང་འདྲ་བའི་མ་ཉེས་ཁ་ཡོག་འོག་ཚུད་པའི་རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་བོད་མི་བཙོན་པ་སྟོང་ཕྲག་མང་པོ་དྲན་བཞིན་ཡོད། ཅེས་དང་།
བཀྲ་ཤིས་དབང་ཕྱུག་ལགས་དང་ཁོང་གི་ནང་མི་རྣམས་ནས་ལོ་ལྔའི་རིང་དཀའ་ངལ་ཧ་ཅང་མྱངས་ཡོད་པ་དང་། རྒྱ་ནག་གི་དབང་སྒྱུར་འོག་རིག་གཞུང་དང་སྐད་ཡིག་གི་ཐོབ་ཐང་རྩོད་བཞིན་པའི་བོད་ནང་གི་བོད་མི་སྟོང་ཕྲག་མང་པོས་དཀའ་སྡུག་མྱོང་བཞིན་ཡོད། ད་བར་བོད་མི་གྲངས་ ༡༥༥ ལྷག་གིས་རྒྱ་ནག་གི་དྲག་གནོད་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་ཆེད་རང་ལུས་མེར་སྲེག་བཏང་ཡོད། ང་ཚོས་རྒྱ་ནག་གཞུང་ལ་ཆ་རྐྱེན་གང་ཡང་མེད་པའི་ཐོག་རྒྱ་ནག་གི་བཙོན་ཁང་ནང་བོད་མི་བཙོན་པ་སྟོང་ཕྲག་མང་པོ་ཡོད་པ་རྣམས་གློད་བཀྲོལ་དང་། བོད་ནང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལྷོད་ཡངས་གཏོང་དགོས་པའི་འབོད་སྐུལ་བྱེད་རྒྱུ་ཡིན། ཞེས་གསུངས།