ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ལས་རིགས་སྦྱོང་བརྡར་གྱི་སློབ་ཡོན་ལས་གཞི་འདི་ནི་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ཚན་པས་ཐོག་མར་འགོ་འཛུགས་གནང་བ་ཞིག་ཡིན། ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ནི། རང་ལོ་ ༡༨ ནས་ ༤༥ བར་གྱི་བོད་རིགས་ན་གཞོན་རྣམས་ལ་སོ་སོའི་འདོད་མོས་ལྟར་རྒྱ་གར་ནང་གི་ལས་རིགས་སྦྱོང་བརྡར་ཁང་འདྲ་མིན་ནང་ལས་རིགས་སྦྱོང་བརྡར་བྱེད་རྒྱུའི་གོ་སྐབས་གནང་རྒྱུ་དེ་ཡིན། ལས་གཞི་འདི་བརྒྱུད་སྙན་ཞུ་འབུལ་མཁན་ཁོངས་ནས་འདེམས་སྒྲུག་བྱས་པའི་ན་གཞོན་རྣམས་ལ་རང་ཉིད་ཀྱི་འདོད་མོས་ལྟར་ལས་རིགས་སྦྱོང་རྒྱུའི་སློབ་ཡོན་མཐུན་རྐྱེན་སྦྱོར་གྱི་ཡོད། དེེ་བཞིན་ལས་གཞི་འདི་ནི་བོད་མིའི་སྤྱི་ཚོགས་ཁྲོད་གཞོན་སྐྱེས་ལས་མེད་རྣམས་ཀྱི་དཀའ་ངལ་སེལ་ཆེད་དང་། དེ་བཞིན་སློབ་གྲྭར་འགྲིམས་ཀྱང་མཐར་མ་ཕྱིན་པའི་གཞོན་སྐྱེས་རྣམས་ཀྱི་དགོས་མཁོ་སྒྲུབ་ཆེད་ལས་གཞི་སྤེལ་བ་ཞིག་ཡིན་པས་ལས་གཞི་འདིའི་ཆེད་སྙན་ཞུ་འབུལ་བར་ཤེས་ཡོན་གྱི་ཆ་རྐྱེན་མི་དགོས།
དེར་བརྟེན་སློབ་གྲྭ་མཐར་སོན་མ་ཐུབ་པའི་གཞོན་སྐྱེས་རྣམས་ལ་མཚོན་ན་རང་འགོ་རང་ཐོན་བྱེད་པར་ལས་གཞི་འདི་ཉིད་གོ་སྐབས་ཧ་ཅང་རྩ་ཆེན་པོ་ཞིག་ཡིན། འདི་ལོའི་ལས་རིགས་སྦྱོང་བརྡར་གྱི་ལས་གཞིའི་ཆེད་དུ་གཞོན་སྐྱེས་གྲངས་ ༣༠ ཡིས་ཚང་སྙན་འགེངས་ཤོག་ཕུལ་ཡོད་པ་དང་། ད་ལྟའི་ཆར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དགུའི་ནང་སྙན་ཞུ་འབུལ་མཁན་གྲངས་ ༡༦ གིས་རྒྱ་གར་གྱི་གྲོང་ཁྱེར་འདྲ་མིན་ནང་རྟེན་གཞི་བྱས་པའི་ལས་རིགས་སྦྱོང་བརྡར་ཁང་ཁག་གི་ནང་ལས་རིགས་སྦྱོང་བརྡར་བྱེད་བཞིན་ཡོད། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ཕར་ཚུར་འགྲུལ་བཞུད་ཀྱི་དཀའ་ངལ་བྱུང་བར་བརྟེན་སྙན་ཞུ་འབུལ་མཁན་གཞན་ཁག་གཅིག་གིས་ཕྱིར་འཐེན་བྱེད་དགོས་བྱུང་ཡོད། མ་འོངས་པར་བོད་པའི་སྤྱི་ཚོགས་ནང་ལག་ཤེས་ཆེད་ལས་པ་མང་པོ་ཞིག་ཡོང་རྒྱུའི་ལམ་ཁ་བསྐྲུན་ཡོད།
ལོ་རིམ་གཉིས་པའི་ལས་གཞི་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་ཁག་འབྱུང་འགྱུར་གྱི་ཟླ་བ་ནང་གསལ་བསྒྲགས་ཞུ་རྒྱུ་ཡིན། ལས་རིགས་སྦྱོར་བརྡར་གྱི་སློབ་ཚན་ཁག་ནི། མཛེས་བཟོ་དང་། སྐྲ་བཟོ། ཤིང་བཟོ། ཁབ་བཙགས་རི་མོ། དྲ་ཚིགས་ཇུས་འགོད། འགུལ་རིས། མགྲོན་ཁང་འཛིན་སྐྱོང་། དྲ་ཐོག་གི་ཚོང་ལས་གཉེར་ཕྱོགས་སོགས་ཡིན། ན་གཞོན་རོགས་སྐྱོར་ཚན་པའི་ལས་གཞིའི་ཆེད་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་། བོད་ཀྱི་ཐེབས་རྩ་ཁང་ (Tibet Fund) གཉིས་བརྒྱུད་ཨ་རིའི་རོགས་ཚོགས་ (USAID) ནས་རོགས་དངུལ་གནང་བ་ཞིག་ཡིན་པ་བཅས། །