ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་སྲིད་འཛིན་ཐེངས་ ༤༦ སྐུ་ཞབས་ཇོ་བཱཡི་ཌེན་ (Joe Biden) མཆོག་དང་སྲིད་འཛིན་གཞོན་པ་ཐེངས་ ༤༩ ལྕམ་སྐུ་ཀ་མ་ལཱ་ཧཻ་རིས་(Kamala Harris) མཆོག་གི་ལས་ཁུར་དམ་འབུལ་མཛད་སྒོར་འཚམས་འདྲི་གནང་འདུག
དེ་ཡང་ཨ་རིའི་སྲིད་འཛིན་ཇོ་བཱཡི་ཌེན་མཆོག་དང་སྲིད་འཛིན་གཞོན་པ་ལྕམ་སྐུ་ཀ་མ་ལཱ་ཧཻ་རིས་མཆོག་གི་དམ་འབུལ་མཛད་སྒོ་དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༠ ཉིན་ཚོགས་ཡོད་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་སྲིད་འཛིན་དང་སྲིད་འཛིན་གཞོན་པ་མཆོག་གི་དམ་འབུལ་མཛད་སྒོར་འཚམས་འདྲི་གནང་བའི་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཨ་རིའི་སྲིད་འཛིན་ཐེངས་ ༤༦ མཆོག་གི་དམ་འབུལ་མཛད་སྒོའི་ཉིན་མོར་སྐུ་ཉིད་མཆོག་ལ་འཚམས་འདྲི་ཞུ་རྒྱུ་ཡིན།
འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཨ་རིའི་གཞུང་མང་གཉིས་ནས་བོད་དོན་ཆེད་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེང་སང་སེམས་ཁུར་བྱེད་རྒྱུ་ནི་བོད་དོན་གཅིག་པུ་ཙམ་མིན་པར། རྒྱལ་སྤྱིའི་མང་གཙོ་དང་རྒྱལ་སྤྱིའི་རིན་ཐང་ཁག་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་གཞུང་རྒྱ་ནག་ལྟ་བུའི་ཉེན་ཁའི་འོག་ལྷུང་ཡོད་པ་དེ་དག་ལ་སེམས་ཁུར་བྱེད་དགོས་པ་ཆགས་ཡོད། ཅེས་དང་། སྐུ་ཉིད་མཆོག་གིས་ལོ་མང་རིང་ཨ་རིའི་རྒྱལ་ཁབ་དང་མི་མང་གི་ཆེད་དུ་ཞབས་འདེགས་རླབས་ཆེན་ཞུས་པ་དང་། ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་སྐུ་ཉིད་མཆོག་ལ་རྒྱལ་ཁ་ཐོབ་པ་ནི་ཨ་རིའི་མི་མང་གིས་སྐུ་ཉིད་མཆོག་ལ་ཡིད་ཆེས་བརྟན་པོ་ཞུ་བཞིན་པ་མཚོན་གྱི་ཡོད། ངས་སྐུ་ཉིད་མཆོག་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྦྲགས། ལས་ཡུན་རིང་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཨ་རིའི་གཞུང་གི་ལོ་རྒྱུས་ནང་ཐེངས་དང་པོ་མི་རིགས་འདྲེས་མའི་བུད་མེད་ཅིག་ཨ་རིའི་སྲིད་འཛིན་གཞོན་པ་ཆགས་ཐུབ་པ་དེས་རྒྱལ་སྤྱིའི་ཆབ་སྲིད་དང་དབུ་ཁྲིད་ཀྱི་གནད་དོན་ཐད་ནས་བུད་མེད་རྣམས་ལ་དུས་རབས་གསར་པ་ཞིག་བསྐྲུན་ཡོད། ལྷག་པར་ལྕམ་སྐུ་ཀ་མ་ལཱ་ཧཻ་རིས་མཆོག་ནི་རྒྱ་གར་གྱི་རིགས་རྒྱུད་ཡིན་པའི་ཆ་ནས་འཛམ་གླིང་ནང་གི་རྒྱ་གར་བ་ཡོངས་ལ་སྤོབས་པ་དང་སེམས་ཤུགས་བསྐྱེད་ཡོད། ལྕམ་སྐུ་མཆོག་གིས་ཐད་ཀར་གདོང་ལེན་གནང་དགོས་པའི་འགྲོ་བ་མིའི་ཐོབ་ཐང་དང་། འདྲ་མཉམ། གོ་ལའི་གནམ་གཤིས་འགྱུར་ལྡོག་བཅས་སླར་གསོ་གནང་སྐབས་བོད་དོན་གླེང་སློང་དང་། ཨ་རི་དང་བོད་གཉིས་ཀྱི་འབྲེལ་བ་སྔར་ལྷག་ཡར་རྒྱས་གོང་འཕེལ་ཡོང་བར་རྒྱབ་སྐྱོར་གནང་བའི་རེ་བ་ཡོད། ཅེས་འཁོད་ཡོད། །