ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༨ རེས་གཟའ་པ་སངས།
༄༅། །སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་ཁྱབ་ཁོངས་སུ་གཏོགས་པའི་སུད་སི་དང་། ལིག་ཏེན་སིཊ་ཡན། འཇར་མན་ནི། ཨོ་སི་ཀྲི་རི་ཡ། ཨི་ཊ་ལིའི་ནང་རྒྱ་ནག་ཝུ་ཧན་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ས་གནས་སུ་སྒོ་རྒྱ་བསྡམས་ཡོད་སྟབས། ཕར་ཚུར་འགྲོ་འོང་གི་དཀའ་ཚེགས་ཆེ་ཡང་བོད་མི་ཚོས་དཀའ་ངལ་ལ་མ་འཛེམས་པར་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་གནང་སྟེ་འོས་བསྡུའི་ལས་རིམ་ཚགས་ཚུད་བྱུང་ཡོད། ཤར་དབུས་ཡུ་རོབ་ཁུལ་དུ་བོད་མི་གྲངས་ ༤༥༨༣ གྱིས་དེབ་སྐྱེལ་ཞུས་ཡོད་པའི་ཁྲོད་ནས་བོད་མི་གྲངས་ ༣༦༧༤ ཡིས་འོས་ཤོག་འཕངས་ཡོད།
སུད་སི་དང་ལིག་ཏེན་སིཊ་ཡན་ནས་འོས་ཤོག་འཕེན་མཁན་མི་གྲངས་ ༣༡༥༦ དང་། འཇར་མན་ནི་ནས་མི་གྲངས་ ༢༧༡། ཨོ་སི་ཀྲི་རི་ཡ་ནས་མི་གྲངས་ ༡༦༤། ཨི་ཊ་ལི་ནས་མི་གྲངས་ ༨༣ བཅས་ནས་འོས་ཤོག་འཕངས་ཡོད། སུད་སི་ས་གནས་འོས་བསྡུ་འགན་འཛིན་དང་སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས། སུད་སི་དང་། ལིག་ཏེན་སིཊ་ཡན། འཇར་མན་ནི། ཨོ་སི་ཀྲི་རི་ཡ། ཨི་ཊ་ལི་བཅས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་གཙོ་དང་ཚོགས་གཞོན། ས་གནས་འོས་བསྡུའི་ཚོགས་མི་རྣམ་པ། དེ་བཞིན་ཟུར་དཔང་དང་ལས་བྱེད་རྣམ་པ་བཅས་ནས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ལས་རིམ་ཕྱི་གསལ་ནང་གསལ་དང་དྲང་པོ་དྲང་གཞག་གི་སྒོ་ནས་ཕྱག་ལས་གནང་སྟེ་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ལས་རིམ་ཁག་ཚགས་ཚུད་བྱུང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།།