ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༣ ཉིན་སྦེལ་ཇམ་སྐུ་ཚབ་དོན་གཅོད་ཁང་གི་ཁྱབ་ཁོངས་ཡུ་རོབ་རྒྱལ་ཁབ་སྦེལ་ཇམ་དང་། ནི་ཐར་ལན་ཌི། ཕ་རན་སི། སི་པན་བཅས་ཀྱི་ནང་ཡོད་པའི་བོད་མི་ལོ་ན་བཅོ་བརྒྱད་ཡན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྤྱི་འཐུས་འོས་འདེམས་ཆེད་སྔོན་འགྲོའི་འོས་ཤོག་འཕངས་ཡོད།
དེ་ཡང་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་ཡོད་པའི་བོད་མི་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྤྱི་འཐུས་འོས་འདེམས་ཆེད་སྔོན་འགྲོའི་འོས་བསྡུར་ཆ་ཤས་བླངས་ཐུབ་པ་ནི་ཁྱད་དུ་འཕགས་པ་ཞིག་ཡིན་པ་དང་། ལྷག་པར་སྦེལ་ཇམ་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནོད་འཚེ་ཚབས་ཆེ་ཕོག་སྟེ་ཁྱིམ་སྡོད་བཀའ་རྒྱ་དམ་པོ་བསྡམས་ཡོད་པ་མ་ཟད། མགྲོན་ཁང་དང་། ཆང་ཁང་སོགས་སྒོ་བརྒྱབ་ཡོད་པ་དང་། མི་བཞི་ལས་ལྷག་འདུ་འཛོམས་མི་ཆོག་པའིི་བཀའ་རྒྱ་བཏང་ཡོད།
གལ་ཏེ་ནད་གཞི་སྔོན་འགོག་གི་བཀའ་རྒྱ་དེ་དག་ལས་བརྒལ་ཚེ་ཆད་པ་ནན་པོ་གཅོད་རྒྱུ་ཡིན་པར་བརྟེན། ཛ་དྲག་གི་གནས་སྟངས་དེ་འདྲའི་འོག་སྦེལ་ཇམ་ནང་གནས་སྡོད་བོད་མི་རྣམས་ཀྱིས་སྔོན་འགྲོའི་འོས་བསྡུར་ཆ་ཤས་ལེན་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད། འོན་ཀྱང་སྦེལ་ཇམ་གཞུང་གི་ཉེན་རྟོག་པའི་ལམ་སྟོན་འོག་སྦེལ་ཇམ་ཁུལ་གྱི་བོད་མི་རྣམས་ཀྱིས་ཁྲིམས་མཐུན་གྱི་སྒོ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྔོན་འགྲོའི་འོས་བསྡུའི་ནང་ཆ་ཤས་བླངས་ཐུབ་པ་བྱུང་ཡོད།
སྔོན་འགྲོའི་འོས་བསྡུ་རྗེས་སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ལ་ཨེན་ཌ་ཝབ་ (Antwerp) དང་། གྷན་ཌི་ (Ghent) སྦར་སེལ་ (Brussels) བཅས་ཀྱི་ཉེན་རྟོག་པས་སྙན་ཐོ་འབྱོར་བའི་ནང་། སྐུ་ཚབ་དོན་གཅོད་ཁང་གིས་འདི་ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གོ་སྒྲིག་ཞུ་ཕྱོགས་ཐད་འདོད་བློ་ཁེངས་པོ་བྱུང་ཞེས་འཁོད་ཡོད་པ་དང་། སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་འོས་ཤོག་འཕེན་སའི་ས་ཚིགས་ཁག་ཏུ་གཟིགས་སྐོར་ཕེབས་སྐབས་ཉེན་རྟོག་པས་གལ་ཏེ་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་དགོས་ཚེ་ཁོང་ཚོར་འབྲེལ་བ་གནང་རོགས་ཞེས་བརྡ་ལན་ཕུལ་འདུག
བོད་མི་མང་ཤོས་ཡོད་པའི་སྦེལ་ཇམ་གྱི་མངལ་སྡེ་ཨེན་ཌ་ཝབ་ (Antwerp ) ནང་གནས་སྡོད་བོད་མི་རྣམས་ཀྱིས་དེ་ཁུལ་གྱི་སྤྱི་པའི་སྐྱེད་ཚལ་ནང་སྔོན་འགྲོའི་འོས་བསྡུ་གོ་སྒྲིག་གནང་ཡོད་པ་དང་། དེར་གུར་འགའ་ཕུག་སྟེ་འོས་བསྡུའི་སྤྱིལ་བུ་བཟོས་ཡོད། འོས་བསྡུའི་སྐབས་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཆེད་མི་མང་ཕན་ཚུན་དབར་བར་ཐག་རན་པོ་བཞག་ཡོད་པ་དང་། མང་ཚོགས་ཀྱི་འགྲིམ་འགྲུལ་ལ་ལྟ་རྟོག་དང་འོས་བསྡུ་ལམ་ལྷོངས་ཡོང་ཆེད་ལས་བྱེད་རྣམས་ཀྱིས་གོ་སྒྲིག་ཚགས་ཚུད་ཞུས་ཡོད།
སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་སྐབས་གནམ་གཤིས་ཧ་ཅང་གྲང་ངར་ཆེ་ཡང་བོད་མི་འོས་ཤོག་འཕེན་མཁན་རྣམས་ཀྱིས་དཀའ་ངལ་ལ་མ་འཛེམས་པར་འོས་ཤོག་འཕེན་ཡོད་པ་མ་ཟད། གྲང་ངར་ཆེ་བའི་གནམ་གཤིས་ནང་ཕྱག་ལས་གནང་མཁན་ལས་བྱེད་རྣམས་ལ་བོད་མི་ཁག་གཅིག་གིས་ཇ་དང་འབྲས་སིལ། བག་ལེབ་སོགས་གོ་སྒྲིག་དང་རོགས་རམ་གནང་ཡོད། དེ་ཡང་ཟླ་བ་གཅིག་གི་སྔོན་ཡུབ་རོབ་རྒྱལ་ཁབ་ཁག་གི་ནང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ཛ་དྲག་གནས་སྟངས་ཆགས་ཡོད། འོན་ཀྱང་ཕ་རན་སི་དང་། སི་པན། ནི་ཐར་ལན་ཌི་བཅས་ཀྱི་ས་གནས་འོས་བསྡུ་ཚོགས་ཆུང་ནས་སྙིང་སྟོབས་ཆེན་པོས་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་ལམ་སྟོན་དང་མ་བརྒལ་བའི་ཐོག་ནས་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གོ་སྒྲིག་ཞུས་ཡོད།
སྦེལ་ཇམ་ནང་འོས་བསྡུ་གོ་སྒྲིག་ཞུ་ཕྱོགས་ཀྱི་ཐད་འདེམས་ཀ་གཉིས་ཡོད། དབུས་འོས་བསྡུ་ལྷན་ཁང་ལ་འདི་ལོའི་འོས་བསྡུ་ཆེན་མོ་ཕྱི་བཤོལ་ཡོང་བའི་རེ་སྐུལ་ཞུ་རྒྱུ་དང་། དེ་མིན་ས་གནས་འོས་བསྡུ་འགན་འཛིན་ལས་རོགས་རིག་འཛིན་ཆོས་སྒྲོན་ལགས་དང་། བོད་རིགས་ཚོགས་པའི་ཚོགས་གཙོ་ཕུར་བུ་དོན་གྲུབ་ལགས། དེ་བཞིན་ཡུ་རོབ་ཁུལ་གྱི་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་འགན་ཁུར་བའི་ཐོག་ས་གནས་ཀྱི་དཔོན་རིགས་རྣམས་ལ་འོས་བསྡུའི་ཆེད་དམིགས་བསལ་བཀའ་འཁྲོལ་ཐོབ་རྒྱུར་འབད་དགོས་པ་དེ་ཡིན།
དེ་ཡང་འོས་བསྡུའི་ཁྲིམས་ལ་བསྒྱུར་བཅོས་གཏོང་མི་ཐུབ་པས་དབུས་འོས་བསྡུ་ལྷན་ཁང་ནས་འདི་ལོའི་འོས་བསྡུ་ཆེན་མོ་ཕྱིར་འགྱངས་བྱེད་མི་ཐུབ་པར་བརྟེན། ས་གནས་ཀྱི་དཔོན་རིགས་རྣམས་ལ་འོས་བསྡུ་བྱེད་རྒྱུར་བཀའ་འཁྲོལ་ཞུ་རྒྱུ་ནི་མཐའ་མའི་རེ་བ་དེ་ཆགས་ཡོད། འོན་ཀྱང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ཛ་དྲག་གནས་སྟངས་དང་། རྒྱལ་ཡོངས་ཀྱི་ནད་གཞི་སྔོན་འགོག་གི་སྒྲིག་ཁྲིམས་དམ་པོའི་འོག་བཀའ་འཁྲོལ་ཐོབ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད།
འདི་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་གོ་སྒྲིག་ཞུ་བར་གྲོང་སྡེ་ལས་ཁུངས་ཀྱི་བཀའ་འཁྲོལ་དང་ཉེན་རྟོག་མི་སྣ་སོགས་དགོས་པ་གལ་ཆེན་པོ་ཡིན་པར་བརྟེན། ས་གནས་འོས་བསྡུ་ཚོགས་ཆུང་ཁག་ནས་དྲ་ཐོག་བརྒྱུད་སྙན་ཞུ་ཕུལ་ཡོད།
ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣༡ གོང་དུ་དང་ཐོག་སྦེལ་ཇམ་གྱི་གྲོང་ཁྱེར་ལིའུ་ཝན་ (Leuven) ནང་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་ཤོག་བླུག་རྒྱུའི་བཀའ་འཁྲོལ་ཐོབ་ཡོད་པ་དང་། དེ་རྗེས་གྲོང་ཁྱེར་ (Brugge) དང་། ཨེན་ཌ་ཝབ། (Antwerp) གྷན་ཌི། (Ghent) སྦར་སིལ་(Brussels) བཅས་ནང་འོས་འཕེན་ཆོག་པའི་བཀའ་འཁྲོལ་ཐོབ་ཡོད། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༣ ཉིན་ཧ་ཅང་དགའ་འོས་པ་ཞིག་ལ་ཡུ་རོབ་ཁུལ་གྱི་བོད་མི་རྣམས་ཀྱིས་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ཛ་དྲག་གི་དུས་སྐབས་འདིར་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་ཤོག་འཕངས་ཐུབ་པ་བྱུང་ཡོད།
དེ་ལྟར་བྱུང་ཐུབ་པ་ནི་ཧོ་ལན་ཌི་དང་། ཕ་རན་སི། སི་པན་བཅས་ཀྱི་ནང་ཡོད་པའི་ས་གནས་འོས་བསྡུ་ཚོགས་ཆུང་གིས་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། ལྷག་པར་སྦེལ་ཇམ་ནང་ཁྲིམས་མཐུན་ངང་འོས་བསྡུ་གོ་སྒྲིག་ཞུས་ཐུབ་པར་ས་གནས་འོས་བསྡུ་ཚོགས་ཆུང་གི་ལས་བྱེད་རིག་འཛིན་ཆོས་སྒྲོན་ལགས་དང་ཕུར་བུ་དོན་གྲུབ་ལགས་ཀྱིས་གཙོས་ཚོགས་མི་རྣམས་ལ་ཐུགས་རྗེ་ཞུ་རྒྱུ་ཡིན། གཞན་ཡང་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གསུང་དོན། སྦེལ་ཇམ་གྱི་གྲོང་སྡེ་ལས་ཁུངས་ཁག་ནས་དམིགས་བསལ་བཀའ་འཁྲོལ་གནང་བ་དང་། དེ་ཁུལ་གྱི་ཉེན་རྟོག་པས་དགག་བྱ་མེད་པ་བཅས་ཀྱིས་ས་གནས་ཀྱི་དཔོན་རིགས་རྣམས་ཀྱིས་སྦེལ་ཇམ་ནང་ཡོད་པའི་བོད་ཀྱི་དོན་གཅོད་ཁང་དང་བོད་རིགས་ཚོགས་པ་རྣམས་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད། ཅེས་གསུངས།།