ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༧ ཉིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གི་རྒྱལ་ས་ཊོ་ཀི་ཡོ་ནང་རྟེན་གཞི་བྱས་པའི་ཉི་ཧོང་གི་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་ (Japan Institute of National Fundamental) གི་འགན་འཛིན་ལྕམ་སྐུ་ས་ཀུ་རི་ཡོ་ཤི་ཀོ་ (Sakurai Yoshiko) ལགས་དང་ཐུག་འཕྲད་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་ (Donald Trump) མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་གནང་བའི་སྐོར་དོན་ཚན་དྲུག་གི་ཐོག་ངོ་སྤྲོད་ཞུས་ཡོད། སྐབས་དེར་ལྕམ་སྐུ་ས་ཀུ་རི་ཡོ་ཤི་ཀོ་ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་ཞི་བདེ་དང་འཆམ་མཐུན་གྱི་དགོངས་གཞི་ལ་ཧ་ཅང་དད་གུས་ཞུ་བཞིན་ཡོད་པ་མ་ཟད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་ཆིབས་སྒྱུར་བསྐྱང་ཐུབ་པར་རེ་སྒུག་ཞུ་བཞིན་ཡོད། ཅེས་དང་། བོད་མི་རྣམས་ལ་རྒྱབ་སྐྱོར་བྱེད་པ་དེ་འཛམ་གླིང་མི་མང་གི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། རང་དབང་བཅས་ཀྱི་སྲུང་སྐྱོབ་དང་འབྲེལ་བ་ཡོད་སྟབས་བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཞེས་གསུངས།
གཞན་ཡང་ཁོང་གིས་བོད་མིའི་སྤྱི་ཚོགས་ནང་མི་ཆ་ཡར་རྒྱས་གཏོང་དགོས་པ་དང་། ཉི་ཧོང་ནང་མཐོ་རིམ་སློབ་སྦྱོང་གི་གོ་སྐབས་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༡ ལོར་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་ཚོ་དང་ལྷན་ཁོང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་རྣམ་པར་མཇལ་འཕྲད་ཞུས་རྗེས་བོད་དོན་དང་འབྲེལ་བ་བྱུང་ཡོད་སྐོར་གསུངས་ཡོད། ལྕམ་སྐུ་ས་ཀུ་རི་ཡོ་ཤི་ཀོ་ལགས་ཀྱིས་བོད་མིའི་འཐབ་རྩོད་དེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ལྷན་གྲོས་མོལ་ཞེས་པའི་དཔེ་དེབ་ཅིག་བརྩམས་ཡོད། ཁོང་གིས་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ལ་དཔེ་དེབ་གཉིས་གནང་ཡོད། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་དོན་སྙིང་པོའི་སྐོར་ཉི་ཧོང་སྐད་དུ་ཕབ་བསྒྱུར་ཞུས་ཡོད་པའི་གསར་གནས་ཤིག་ལྕམ་སྐུ་ས་ཀུ་རི་ཡོ་ཤི་ཀོ་ལགས་ལ་ཕུལ་ཡོད།
སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་ལྷན་དྲུང་ཆེ་བློ་བཟང་ཆོས་གྲགས་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།