ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༢ ཉིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་ཁང་དུ་ཉི་ཧོང་གྲོས་ཚོགས་འོག་མའི་འཐུས་མི་དང་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (All Party Japanese Parliamentary Group for Tibet) དྲུང་ཆེ་སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས་ (Mr. Nagao Takashi) ལགས་དང་ལྷན་མཇལ་འཕྲད་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་ (Donald Trump) མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་གནང་བའི་སྐོར་ངོ་སྤྲོད་ཞུས་ཡོད།
དེ་ཡང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས་ལགས་ལ་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་སྐོར་དོན་ཚན་དྲུག་གི་ཐོག་ངོ་སྤྲོད་ཞུས་ཡོད།
༡༽ ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཐག་གཅོད་བྱ་རྒྱུའི་འགན་དབང་ནི་མགོན་པོ་གང་ཉིད་མཆོག་དང་། བོད་མིར་ཡོད་པ་ལས་རྒྱ་ནག་གཞུང་ལ་ཐེ་བྱུས་བྱ་དབང་མེད་པ་དང་། གལ་ཏེ་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཐོག་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་དེར་ངོས་ལེན་བྱ་རྒྱུ་མིན་པ་དང་།
༢༽ ཨ་རིའི་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་བཙན་བྱོལ་ནང་མང་གཙོ་ཚད་ལྡན་ལག་བསྟར་དང་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་དོན་བདེན་མཐའ་གསལ་ཐབས་གནང་བཞིན་པར་རྒྱབ་སྐྱོར་གནང་བ།
༣༽ ཨ་རིའི་གཞུང་གིས་གཞུང་འབྲེལ་ཐོག་བོད་མིའི་སྒྲིག་འཛུགས་ནི་ཁྲིམས་མཐུན་གྱི་སྒྲིག་འཛུགས་ཤིག་ཡིན་པ་དང་། སྒྲིག་འཛུགས་དེའི་ངོས་ནས་འཛམ་གླིང་གང་སར་གནས་པའི་བཙན་བྱོལ་བོད་མིའི་མངོན་འདོད་སྒྲུབ་བཞིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་སྲིད་སྐྱོང་མཆོག་ཡིན་པ་ངོས་འཛིན་གནང་ཡོད་སྐོར།
༤༽ ཨ་རིའི་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་དང་བོད་ཀྱི་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོབ་དང་། བོད་མཐོ་སྒང་ནི་ལྷོ་ཤར་ཨེ་ཤི་ཡའི་ཆུའི་འབྱུང་ཁུངས་ཡིན་ཞིང་། ཚོད་དཔག་བྱས་པ་ལྟར་ན་བོད་མཐོ་སྒང་གིས་ལྷོ་ཤར་ཨེ་ཤི་ཡའི་མི་ཐེར་འབུམ་གཅིག་དང་གྲངས་ཆུང་བརྒྱད་ལ་ཆུ་སྤྲོད་ཀྱི་ཡོད།
༥༽ ཨ་རིའི་གཞུང་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས་བརྒྱུད་ཕྱི་ལོ་ ༢༠༡༨ ལོའི་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་གཞིར་བཞག་ཐོག་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་ཡོང་ཐབས་གནང་རྒྱུ་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ཁང་འཛུགས་རྒྱུའི་ཆོག་མཆན་མ་གནང་བར་དུ་ཨ་རིའི་གཞུང་གི་ངོས་ནས་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཡན་ལག་ཁང་གསར་པ་འཛུགས་རྒྱུའི་ཆོག་མཆན་གནང་མི་ཆོག་པ།
༦༽ ཨ་རིའི་གཞུང་གིས་གཞིས་བྱེས་བོད་མི་རྣམས་ནས་བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་ཞུ་བཞིན་པའི་སླད་དང་། དེ་བཞིན་གཞིས་ཆགས་སྲ་བརྟན་ཆེད་རོགས་དངུལ་བཀའ་འཁྲོལ་གནང་ཡོད་པ་བཅས་ཀྱི་སྐོར་ངོ་སྤྲོད་ཞུས་ཡོད།
ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས་ལགས་ཀྱིས། ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཏན་འབེབས་གནང་བར་རྗེས་སུ་ཡི་རང་གནང་ཡོད། ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་དེ་ནི་བོད་མིར་མཚོན་ན་གྲུབ་འབྲས་ཆེན་པོ་ཞིག་དང་། བློ་སྟོབས་འཕེལ་རྒྱུའི་གཞི་ཆགས་ཡོད། ཅེས་དང་། ངས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ཁྲིམས་སུ་ཆགས་པའི་བརྒྱུད་རིམ་སྐོར་དོ་སྣང་བྱས་ཡོད་པ་མ་ཟད། ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་དེའི་སྐོར་མཁྱེན་གྱི་ཡོད། ངས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་སྐོར་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཞི་མོ་མུ་ར་ཧ་ཀུ་བྷུན་ (Shimomura Hakubun) མཆོག་ལ་སྙན་སྒྲོན་ཞུ་རྒྱུ་ཡིན། ཞེས་གསུངས།
ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་དོན་སྙིང་པོའི་སྐོར་ཉི་ཧོང་སྐད་དུ་ཕབ་བསྒྱུར་ཞུས་ཡོད་པའི་གསར་གནས་ཤིག་སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས་ལགས་ལ་ཕུལ་ཡོད། ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་ལྷན་དྲུང་ཆེ་བློ་བཟང་ཆོས་གྲགས་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།