ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དྲ་རྒྱ་བརྒྱུད་ཨེ་ཤི་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༣ ཐོག་མཉམ་ཞུགས་ཀྱིས་གསུང་བཤད་གནང་ཡོད། ཤྲི་ལངྐའི་ནང་ཡོད་པའི་ཨེ་ཤི་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་གོ་སྒྲིག་འོག་ཨེ་ཤི་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༣ དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༤ ཉིན་ཤྲི་ལངྐའི་རྒྱལ་ས་ཀོ་ལོམ་བྷོ་ (Colombo) ནང་ཚོགས་ཡོད།
དེ་ཡང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་བོད་མི་ནང་པ་ཡོངས་ཀྱི་ཚབ་ཞུས་ཏེ་ཨེ་ཤི་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཞོན། དྲུང་ཆེ། དྲུང་གཞོན། དགེ་འདུན་པ་རྣམ་པ། དེ་བཞིན་སྐུ་མགྲོན་རྣམ་པ་བཅས་ལ་འཚམས་འདྲིི་ཞུས་པ་དང་སྦྲགས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་ནས་གསུང་བཤད་གནང་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དེང་སང་འཛམ་གླིང་ནང་འགྲོ་བ་མིི་ལ་དཀའ་ངལ་འཕྲད་བཞིན་པ་དེ་དག་འཚེ་བ་མེད་པ་དང་། བྱམས་བརྩེ། གྲོས་མོལ་བཅས་ཀྱི་ལམ་ནས་སེལ་ཐབས་གནང་དགོས་པའི་སྐོར་བཀའ་སློབ་སྩལ་བཞིན་ཡོད་པ་མ་ཟད། འགྲོ་བ་མིའི་རྒྱུད་ཀྱི་བཟང་པོའི་རིན་ཐང་དང་། ཆོས་ལུགས་ནང་ཁུལ་མཐུན་སྒྲིལ། ནང་པའི་རིག་གཞུང་གོང་མཐོར་མཛད་བཞིན་ཡོད། ཅེས་དང་། དེ་བཞིན་རྒྱལ་སྤྱིའི་ཁོར་ཡུག་དང་ལྷག་པར་བོད་མཐོ་སྒང་དང་ཧི་མ་ལ་ཡའི་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ། རྒྱ་གར་གནའ་བོའི་དཔལ་ནཱ་ལེནྡྲའི་རིག་གཞུང་རྒྱ་གར་ནང་བསྐྱར་གསོའི་ཐུགས་འགན་མཛད་བཞིན་ཡོད། ཅེས་གསུངས།
གཞན་ཡང་བཀའ་བློན་མཆོག་གིས། ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཕྱིན་པའི་རྐྱེན་གྱིས་འགྲོ་བ་མི་རྣམས་ཀྱི་ལུས་སེམས་གཉིས་ཀར་དཀའ་ངལ་འཕྲད་བཞིན་པའི་སྐབས་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་དཀའ་ངལ་དེ་དག་སེལ་སླད་དྲ་རྒྱ་བརྒྱུད་བཀའ་སློབ་ལམ་སྟོན་རྒྱ་ཆེ་གནང་སྟེ་ཆོས་ཕྱོགས་དང་དཔལ་འབྱོར་ཐོག་ནས་ཞབས་འདེགས་རླབས་ཆེན་ཞུས་ཡོད་པ་དང་། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་བཀའ་སློབ་ལམ་སྟོན་འོག་འཛམ་གླིང་གང་སར་གནས་པའི་བོད་མིའི་གྲྭ་བཙུན་གྱི་དགོན་སྡེ་ཁག་གིས་ཏོག་དབྱིབས་གཉན་རིམས་འདི་བཞིན་འཛམ་གླིང་ནང་གང་མགྱོགས་ཞི་བའི་ཕྱིར་ཞབས་བརྟན་སྟོང་ཕྲག་མང་པོ་བསྒྲུབས་དང་སྒྲུབ་བཞིན་ཡོད། ཅེས་དང་།
ཨེ་ཤི་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༡ འཚོགས་པའི་སྐབས་ང་ཚོར་ནང་པའི་བཟང་སྤྱོད་དང་མཐུན་སྒྲིལ་གོང་མཐོར་གཏོང་དགོས་པའི་ལས་འགན་བསྐུར་བ་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་ ༢༠ གོང་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་སྐོར་གསལ་བསྒྲགས་བསྐྱངས་གནང་མཛད་པ་ནས་བཟུང་བོད་མིའི་སྒྲིག་འཛུགས་ནས་ཤེས་ཡོན་དང་ཆོས་ཕྱོགས་ཀྱི་ལས་གཞི་བརྒྱུད་འགྲོ་བ་མིའི་བཟང་སྤྱོད་དང་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་མཐོར་སྤེལ་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ནང་རྒྱལ་སྤྱིའི་མཁས་པ་གྲངས་ ༡༢༠ ཙམ་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་། ནང་པའི་བཟང་སྤྱོད་དང་མཐུན་སྒྲིལ་གོང་མཐོར་སྤེལ་གནང་ཡོད།
ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་རྡ་སར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པ་གཟབ་རྒྱས་ངང་བསྐོང་ཚོགས་ཞུས་ཡོད།
ཚོགས་འདུ་དེའི་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན། ཇོ་ནང་བཅས་ཀྱི་བླ་ཆེན་རྣམ་པས་དབུས་ཧི་མ་ལ་ཡ་རི་རྒྱུད་ཀྱི་བླ་སྤྲུལ་སྐུ་ཚབ་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་མཛད་གཙོ་རྣམ་པ་སོགས་ཁྱོན་སྐུ་ཚབ་ཚོགས་མི་གྲངས་ ༡༡༦ དངོས་སུ་ཕེབས་ཡོད་པ་མ་ཟད། མཇུག་སྡོམ་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱངས་ཡོད།
ངས་དེ་རིང་གཞུང་འབྲེལ་ཐོག་ཨེ་ཤི་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ལ་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་ཐོག་བོད་ཀྱི་ཆོས་བརྒྱུད་བླ་ཆེན་རྣམ་པ་དང་། ཚོགས་ཞུགས་འཐུས་མི་ཡོངས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་གྲོས་ཆོད་ཁག་གསུམ་སྙན་སྒྲོན་ཞུ་འདོད་བྱུང་།
༡༽ སྔ་མའི་ཐུགས་བསྐྱེད་དམ་བཅའ་དང་གདུལ་བྱ་འདུལ་བྱེད་ཀྱི་རྟེན་འབྲེལ་གྱི་དབང་གིས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་བ་༸རྒྱལ་དབང་སྐུ་ཕྲེང་རིམ་པ་དང་བོད་མི་རྣམས་ནམ་ཡང་ཁ་འབྲལ་ཐབས་མེད་པ་དང་། ཁྱད་པར་བོད་གངས་ཅན་གྱི་སྐྱེ་འགྲོ་རྣམས་གཉན་འཕྲང་གི་འགག་ཆེན་ལ་ཐུག་པའི་དུས་སྐབས་འདིར། ༸གོང་ས་ཏཱ་ལའི་བླ་མའི་ཡང་སྤྲུལ་ལམ་ལུགས་སྔར་མུས་བཞིན་རྒྱུན་གནས་ངེས་པར་དགོས་པ་དང་། ༸རྒྱལ་བའི་ཡང་སྲིད་འཁྲུལ་བྲལ་རིན་པོ་ཆེ་མུ་མཐུད་ངེས་འབྱོན་དགོས་པ་བོད་མི་ཡོངས་ཀྱི་བཅོས་མིན་མངོན་འདོད་ཡིན་པར་བརྟེན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དེ་དོན་གསོལ་འདེབས་རྩེ་གཅིག་ཏུ་ཞུ་རྒྱུ།
༢༽ ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐག་གཅོད་གནང་རྒྱུའི་དབང་ཆ་ཡོངས་རྫོགས་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རང་ཉིད་གཅིག་པུར་ཡོད་པ་ལས། གཞན་སྲིད་གཞུང་སོགས་སུ་ལའང་མེད། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་༸རྒྱལ་བའི་ཡང་སྤྲུལ་ངོས་འཛིན་དང་འདེམས་སྒྲུག་བྱས་པ་བྱུང་ཚེ། ཡང་སྤྲུལ་དེར་བོད་མི་རྣམས་ནས་ངོས་འཛིན་དང་དད་མོས་བྱ་རྒྱུ་མིན།
༣༽ ༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས། ནང་པ་སངས་རྒྱས་པའི་གཞི་རྩའི་ལྟ་གྲུབ་ཡང་དག་ལ་བརྟེན་ཅིང་། མི་ལོ་བརྒྱད་བརྒྱ་ལྷག་ཙམ་སྔོན་ནས་བྱུང་བའི་བོད་ལུགས་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་ད་ལྟའི་བར་རྒྱུད་འཛིན་ལག་ལེན་བྱས་དང་བྱེད་མུས་ཡིན་པའི་བྱེད་ཐབས་དེ་ཉིད་ལ་བརྟེན་ནས་ངོས་འཛིན་བྱ་རྒྱུ་ཡིན་པ་བཅས་ཀྱི་སྤྱི་མོས་གྲོས་ཆོད་བཞག་གནང་ཡོད། ཅེས་སྙན་སྒྲོན་ཞུས་ཡོད།
ཕྱོགས་མཚུངས་ཆོས་རིག་བཀའ་བློན་མཆོག་གིས། བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཛ་དྲག་ཏུ་གྱུར་དང་འགྱུར་བཞིན་པར་མ་ལྟོས་པར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༧ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཚུད་པའི་བོད་མིའི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱི་བཙན་བཀའི་ཡིག་ཆ་ཨང་ལྔ་པ་ཟེར་བ་ཞིག་གཏན་འབེབས་བྱས་ཡོད། དེ་ནི་ནང་པའི་འཕེལ་རྒྱས་དང་ཡོངས་སུ་རྒྱབ་འགལ་ཆགས་ཡོད་སྟབས། ངས་སེམས་འཚབ་དང་སྦྲགས་ཨེ་ཤི་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ལ་བོད་ནང་གི་ཆོས་དད་རང་དབང་དང་། དེ་བཞིན་ཨེ་ཤི་ཡའི་ས་ཁུལ་གཞན་ཁག་གི་ཆོས་དད་རང་དབང་གི་ཆེད་དུ་རྒྱབ་སྐྱོར་དང་གྲོས་ཆོད་ཁག་གཞག་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས།།