ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ནང་རང་ལོ་ ༡༩ ཡིན་པའི་རྫ་དབོན་པོ་དགོན་གྱི་དགེ་འདུན་པ་བསྟན་འཛིན་ཉི་མའམ་རྟ་མེ་ལགས་ཀྱིས་བོད་རང་བཙན་གྱི་སྦྱར་ཡིག་འགྲེམས་སྤེལ་བྱས་པར་བརྟེན་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་རྡུང་རྡེག་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་ནད་གཅོང་དུ་གྱུར་ནས་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་འདས་གྲོངས་སུ་གྱུར་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་བསྟན་འཛིན་ཉི་མའམ་རྟ་མེ་ལགས་སུ་རྡུང་རྡེག་བཏང་བའི་རྐྱེན་གྱིས་ནད་མནར་འོག་ཉེ་ཆར་འདས་གྲོངས་སུ་གྱུར་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འདིའི་ཐད་རྒྱུས་མངའ་ཡོད་པ་བཙན་བྱོལ་དུ་ཡོད་པའི་བོད་མི་ཞིག་གིས་ངོ་སྤྲོད་གནང་བ་ལྟར་ན། བསྟན་འཛིན་ཉི་མའམ་རྟ་མེ་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་སྔ་རྗེས་ཐེངས་གཉིས་ཙམ་བྱེད་སྐབས་རྡུང་རྡེག་ཚབས་ཆེ་ཕོག་པའི་རྐྱེན་གྱིས་མཐར་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༩ ཉིན་འདས་གྲོངས་སུ་གྱུར་འདུག
ཁོང་ནི་དེང་གི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་གི་རྫ་སྨད་ཡུལ་ཚོའི་ཁོངས་སུ་གཏོགས་པའི་རྫ་དབོན་པོ་དགོན་གྱི་དགེ་འདན་པ་ཡིན་པ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༧ ཉིན་སེར་ཤུལ་རྫོང་གི་རྫ་སྨད་ཡུལ་ཚོའི་ཁོངས་སུ་གཏོགས་པའི་རྫ་དབོན་པོ་ཡུལ་ཚོའི་གྲོང་བརྡལ་གྱི་ས་གནས་རྒྱ་ནག་གཞུང་གི་ལས་ཁུངས་མདུན། བོད་རང་བཙན་དོན་དུ་འཐབ་རྩོད་བྱ་དགོས་ཞེས་པའི་ཡིག་ཆ་མང་པོ་འགྲེམས་གཏོར་བྱས་མཁན་ཡིན་པའི་དོགས་གཞིའི་འོག་རྒྱ་ནག་གི་ཉེན་རྟོག་པས་དབོན་པོ་དགོན་པའི་དགེ་འདུན་པ་ལྔ་དང་། མི་སྐྱ་གཉིས་བཅས་བོད་མི་སྐྱ་སེར་བདུན་འཛིན་བཟུང་བཀག་ཉར་བྱས་པའི་ཁོངས་སུ་བསྟན་འཛིན་ཉི་མའམ་རྟ་མེ་ལགས་ཀྱང་ཡོད་པ་རེད།
གནས་ཚུལ་ངོ་སྤྲོད་གནང་མཁན་དེས་བརྗོད་པར་གཞིགས་ན། རྟ་མེ་ལགས་བཀག་ཉར་ཁང་དུ་ཟླ་བ་བདུན་ཙམ་རིང་བཀག་ཉར་བྱས་རིང་ཁོང་ལ་རྡུང་རྡེག་ཚབས་ཆེ་བཏང་ཡོད་འདུག་ཅིང་། ཕྱི་ལོ་ ༢༠༢༠ ཟླ་ ༥ ཙམ་ལ་གློད་གྲོལ་བཏང་འདུག་ཀྱང་། སླར་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༨ ནང་འཛིན་བཟུང་བཀག་ཉར་བྱས་འདུག དེ་ནས་ཁོང་གི་གཟུགས་གཞིའི་གནས་བབ་ཧ་ཅང་སྡུག་ཏུ་ཕྱིན་པར་བརྟེན་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཙམ་ལ་སྨན་ཁང་དུ་སྐྱེལ་དགོས་བྱུང་འདུག ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༩ ཉིན་དེ་སྔོན་འཛིན་བཟུང་བྱས་པའི་རྫ་དབོན་པོ་དགོན་གྱི་དགེ་འདུན་པ་དང་མི་སྐྱ་དེ་དག་གི་ཐོག་ཁྲིམས་ར་ཚོགས་ཏེ་ཁོང་ཚོར་ལོ་གཅིག་ནས་ལྔ་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། རྟ་མེ་ལགས་སྨན་ཁང་དུ་ཡོད་པར་བརྟེན་ཁོང་གི་ཐོག་བཙོན་འཇུག་ཁྲིམས་ཐག་བཅད་མེད།
དབོན་པོ་དགོན་པའི་དགེ་འདུན་པ་རྟ་མེའམ་བསྟན་འཛིན་ཉི་མ་ལགས་ཀྱི་ཀླད་པར་སྐྱོན་བྱུང་བ་དང་། ལུས་པོ་མགུལ་བསྐྱོད་མ་ཐུབ་པ། ཚོར་ཤེས་ཉམས་པ་སོགས་བྱུང་འདུག་ཅིང་། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ནས་བཟུང་ཁྲིན་ཏུའུ་དང་དར་རྩེ་མདོའི་སྨན་ཁང་ཆེ་ཁག་ཏུ་བསྟེན་གཏུགས་བྱས་ཀྱང་དྲག་བསྐྱེད་བྱུང་མེད། དེང་སྐབས་རྒྱ་ནག་གཞུང་གིས་བོད་ཕྱི་ནང་དབར་འབྲེལ་ལམ་བྱ་རྒྱུར་དམ་དྲག་ཧ་ཅང་ཤུགས་ཆེ་བྱེད་བཞིན་པར་བརྟེན་ཕན་ཚུན་གྱི་གནས་ཚུལ་རྒྱུས་ལོན་འཕྲལ་མར་བྱེད་དཀའ་བའི་གནས་སྟངས་འོག་རྟ་མེ་ལགས་འདས་གྲོངས་སུ་གྱུར་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་མེད་པ་འགྲེལ་བརྗོད་གནང་གི་འདུག
འདིའི་ཐད་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༥ པའི་ནང་ཆབ་སྲིད་བཙོན་པ་བསྟན་འཛིན་ཉི་མ་ལགས་གློད་གྲོལ་བཏང་ཡོད་ཀྱང་། རྗེས་སུ་ཁོང་གིས་རང་ཉིད་འཛིན་བཟུང་སྐོར་གྱི་གནས་ཚུལ་ཕྱིར་བསྒྲགས་བྱས་པ་དང་། རྒྱ་གར་ནང་གི་བཙན་བྱོལ་བོད་མི་དང་འབྲེལ་བ་བྱས་པའི་ཉེས་མིང་འོག་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༡ ཉིན་སླར་ཡང་འཛིན་བཟུང་བྱས་ཡོད་པ་བཀོད་འདུག ལྷག་པར་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས། རྟ་མེ་ལགས་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ནང་ཁྲིན་ཏུའུ་སྨན་ཁང་དུ་སྐྱེལ་སྐབས་ཚོར་ཤེས་ཉམས་ཟིན་ཡོད་པ་བརྗོད་འདུག
འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པར་གནས་ཚུལ་ལག་ཐོབ་བྱུང་བར་གཞིགས་ན། ཁོང་སྨན་ཁང་དུ་མ་སྐྱེལ་གོང་གི་ཉིན་གྲངས་བཅུའི་སྔོན་ནས་གཟུགས་གཞིའི་གནས་སྟངས་ཛ་དྲག་ཅན་ཆགས་ཟིན་འདུག་པ་མ་ཟད། ད་དུང་སྨན་ཁང་དུ་སྐྱེལ་རྗེས་སྨན་བཅོས་ཆེད་རྒྱ་མིའི་སྒོར་མོ་ཁྲི་བཞི་ཙམ་སྔོན་ཚུད་ནས་སྤྲོད་དགོས་པ་བརྗོད་སྟབས། རྟ་མེ་ལགས་ཀྱི་ནང་མིས་དངུལ་འབོར་མཁོ་སྒྲུབ་བྱ་རྒྱུར་ཡང་དུས་ཚོད་ཕྲན་བུ་འགོར་རྒྱང་བྱུང་འདུག འོན་ཀྱང་གཟའ་འཁོར་འགའ་ཤས་སྨན་བཅོས་རྗེས་སྨན་པས་རྟ་མེ་ལགས་ཀྱི་ཐོག་རྨས་སྐྱོན་ཕོག་པ་དེ་དག་དྲག་ཐབས་མེད་པ་བརྗོད་ནས་སྨན་ཁང་ནས་བཏང་འདུག ཡིན་ན་ཡང་ནང་མི་ཚོས་སྨན་བཅོས་ཀྱི་རེ་འདུན་བཅངས་ཏེ་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡ ཉིན་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་སྐྱེལ་འདྲེན་བྱས་འདུག་ཅིང་། སྐབས་དེ་དུས་རྟ་མེ་ལགས་དྲན་མེད་ཀྱི་གནས་སྟངས་ནང་ཡོད་འདུག སྨན་ཁང་དེའི་སྨན་པས་ཚོས་ཀྱང་བཅོས་ཐབས་མེད་པ་བརྗོད་དེ་སྨན་ཁང་ནས་གློད་གྲོལ་བཏང་པ་དང་། རང་ཁྱིམ་དུ་སླེབས་ནས་རིང་པོ་མ་སོན་པར་འདས་གྲོངས་སུ་གྱུར་བ་གནས་ཚུལ་སྤེལ་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་པས་གསུངས་དོན། ཕྱི་ལོ་ ༢༠༡༩ ལོར་སེར་ཤུལ་རྫོང་གི་རྫ་སྨད་ཡུལ་ཚོའི་ཁོངས་སུ་གཏོགས་པའི་རྫ་དབོན་པོ་ཡུལ་ཚོའི་གྲོང་བརྡལ་གྱི་ས་གནས་རྒྱ་ནག་གཞུང་གི་ལས་ཁུངས་མདུན། བོད་རང་བཙན་དོན་དུ་འཐབ་རྩོད་བྱ་དགོས་ཞེས་པའི་ཡིག་ཆ་མང་པོ་འགྲེམས་གཏོར་བྱས་མཁན་ཡིན་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་དེ་དག་གི་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༩ ཉིན་ཁྲིམས་ཁང་ནས་དབོན་པོ་དགོན་པའི་དགེ་འདུན་པ་ཉི་མ་ལགས་སུ་དུས་བཀག་ལོ་ལྔ་དང་། གཞན་མི་སྐྱ་ཆོས་རྒྱལ་ལགས་དང་། ཡོན་ཏན་ལགས། དགེ་འདུན་པ་ཀུན་གསལ་ལམ་ཆོས་འཕེལ་ལགས་བཅས་གསུམ་ལ་ལོ་བཞི་རེའི་ཁྲིམས་ཐག་བཅད་ཡོད། དགེ་འདུན་པ་ཚུལ་ཁྲིམས་ལགས་ལ་ལོ་གཅིག་གི་དུས་བཀག་བཙོན་བཅུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། །