ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༧ ཉིན་བོད་ནང་ཉིན་གུང་ཆུ་ཚོད་ ༡ ཙམ་ལ་འབྲི་རུ་རྫོང་ཤག་ཆུ་ཁ་ཟེར་བའི་གྲོང་རྡལ་དུ་སྤྱི་འཁོར་འབབ་ཚུགས་ཤིག་ཡོད་པ་དེའི་ཉེ་འཁྲིས་སུ་བོད་མི་ཤུར་མོ་ལགས་རང་ལོ་ ༢༦ ཙམ་ཡིན་འདུག་པ་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་རང་ལུས་མེར་སྲེག་ཀྱི་ངོ་རྒོལ་སྐད་འབོད་གནང་མ་ཐག་ས་གནས་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་ས་གནས་སྨན་ཁང་དུ་འཁྱེར་ཡོད་འདུག་ཀྱང་ཉིན་དེར་སྐུ་ཚེ་མ་ཟིན་པར་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་སྟབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༩ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག སྤྱིར་རྒྱལ་གཅེས་པ་ཁོང་གིས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་སྐྱེའི་མྱ་ངན་རྗེས་དྲན་ཞུ་ཆེད་གོང་ཚེས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ ནས་དབུས་ཀྱི་ལས་ཁུངས་ཁག་སྒོ་བརྒྱབ་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དབུས་ལས་ཁུངས་ཁག་གི་ཟུང་དྲུང་ཡན་གྱི་སྲི་ཞུའི་ལས་བྱེད་རྣམས་སྲིད་སྐྱོང་ཚོགས་ཁང་དུ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་དང་། དེ་བཞིན་དྲུང་གཞོན་མན་གྱི་སྲི་ཞུའི་ལས་བྱེད་རྣམས་ལས་ཁུངས་སོ་སོའི་ནང་སྨོན་ལམ་གསུང་འདོན་གནང་ཡོད་པ་བཅས། །