ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༩ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལས་རིམ་ཁོངས་སུ་ཆོས་རིག་ལས་ཁུངས་ཀྱི་ཚོགས་ཁང་ནང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་རྩོམ་སྒྲིག་དང་། ཆོས་རིག་ལས་ཁུངས་ཀྱིས་པར་བསྐྲུན་གནང་བའི་སློབ་དེབ་བློ་གསལ་མགུལ་རྒྱན་དེབ་ཕྲེང་ ༦༩ དབུ་འབྱེད་མཛད་སྒོ་ཞིག་བསྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག ཀིརྟིའི་བྱེས་པ་གྲྭ་ཚང་གི་རིག་གནས་སློབ་དཔོན་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱོགས་སྒྲིག་པ་རེ་མདོ་སེངྒེ་ལགས། ལས་ཁུངས་ཁག་གི་བཀའ་བློན་རྣམ་པ། ཆོས་རིག་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། གཞན་ཡང་ཆོས་རིག་ལས་ཁུངས་ཀྱི་ལས་བྱེད་དང་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་ཀིརྟིའི་བྱེས་པ་གྲྭ་ཚང་གི་རིག་གནས་སློབ་དཔོན་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱོགས་སྒྲིག་པ་རེ་མདོ་སེངྒེ་ལགས་ཀྱིས་སློབ་དེབ་ ༼བློ་གསལ་མགུལ་རྒྱན། ༽ གྱི་རྒྱབ་ལྗོངས་དང་ནང་དོན་སོགས་ངོ་སྤྲོད་གནང་།
དེ་རྗེས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོ
གཞན་ཡང་ང་ཚོ་བོད་མི་རྣམས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་སླེབས་དགོས་དོན་ནི། བོད་ཀྱི་ཐུན་མིན་སྐད་ཡིག་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཆེད་ཡིན། དེ་རིང་གི་མཛད་སྒོ་འདི་ཉིད་གྲ་རྒྱས་པོ་མེད་ནའང་ང་ཚོས་ཆེ་བསྟོད་ཞུ་ཡི་ཡོད། ཐེངས་འདིའི་ལས་རིམ་འདི་ཉིད་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལས་རིམ་ཆ་ཤས་ཤིག་ཡིན།
ངས་གོ་སྐབས་འདི་བརྒྱུད་པར་བསྐྲུན་གྱི་ལས་དོན་ཐད་ཀིརྟིའི་བྱེས་པ་གྲྭ་ཚང་དང་ཀིརྟི་དགེ་རྩ་ཚོགས་པ། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་ལས་བྱེད་ཡོངས་ནས་ལས་དོན་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བློ་གསལ་མགུལ་རྒྱན་སློབ་དེབ་གྲངས་ ༦༩ རྣམས་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་རིས་སུ་མ་ཆད་པའི་དགོན་སྡེ་ཁག་དང་རང་སྐྱོང་སྡེ་ཚན་ཁག དེ་བཞིན་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག ཧི་མ་ལ་ཡ་རི་རྒྱུད་ཀྱི་དགོན་པ་དང་སློབ་གྲྭ་བཅས་པར་རིན་མེད་ཐོག་འགྲེམས་སྤེལ་ཞུ་རྒྱུ་ཡིན། དཔེ་དེབ་འདི་ཉིད་པར་བསྐྲུན་དང་འབྲེལ་འགྲེམས་སྤེལ་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་ཀྱི་སྐད་ཡིག་དང་ཆོས། རིག་གཞུང་བཅས་ཀྱི་ཐད་ཐུགས་དགོངས་གང་ཡོད་པ་རྣམས་སྒྲུབ་ཐུབ་པ་དང་། རྩོམ་པ་པོ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་སློབ་དེབ་རྩོམ་པའི་སྐབས་ཐུགས་ཀྱི་དགོངས་པ་རྣམས་གང་མང་སྒྲུབ་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད། བོད་ཀྱི་ཆོས་རིག་རྣམས་སླར་ཡང་ཆོས་རྗེ་ཚོའི་གནས་སྐབས་ལས་ལྷག་འཛམ་གླིང་ཁྱོན་ཡོངས་ལ་དར་སྤེལ་ཕྱིན་ཐུབ་པ་སྨོན་འདུན་ཡོད། ཅེས་གསུངས།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་དེབ་བློ་གསལ་མགུལ་རྒྱན་དབུ་འབྱེད་གནང་སྟ་གསུང་བཤད་གནང་དོན། དཔེ་དེབ་ཕྱོགས་སྒྲིག་གནང་རྒྱུའི་ལས་དོན་འདི་ཧ་ཅང་སྐུ་ལས་ཆེན་པོ་དང་མཛད་རྗེས་ཆེན་པོ་ཞིག་རེད། བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་དབུས་འབྲེལ་ཡོད་ཕྱག་ལས་གནང་མཁན་ཡོངས་ལ་ངས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་སྦྲགས་བསྔགས་བརྗོད་ཞུ་གི་ཡོད། དེང་སང་བོད་མི་གཞོན་སྐྱེས་ཁྲོད་སེམས་ཁམས་ཀྱི་གནས་སྟངས་ཐོག་དཀའ་ངལ་ཡོད་མཁན་མང་པོ་འདུག སློབ་དེབ་བློ་གསལ་མགུལ་རྒྱན་དེབ་གྲངས་ ༦༩ དེའི་ནང་ཡ་རབས་བཟང་སྤྱོད་དང་ལས་རྒྱུ་འབྲས། སྐྱེ་བ་སྔ་ཕྱི། ནང་པའི་ལྟ་གྲུབ་སོགས་ཀྱི་སྐོར་ཡོད་པ་དེས་སེམས་ཁམས་ཀྱི་གནས་སྟངས་ཐོག་ཏན་ཏན་ཕན་གྱི་ཡོད། དུས་རྒྱུན་ཆོས་དང་རིག་གཞུང་གལ་ཆེན་པོ་ཡིན་སྐོར་མང་པོས་གསུང་བཞིན་ཡོད་ཀྱང་། དེའི་ཐོག་ཕྱག་ལས་གནང་མཁན་ཉུང་ཉུང་ཡིན།
སློབ་དེབ་དགོས་ཞེས་གསུང་མཁན་མང་པོ་ཡོད་ཀྱང་དེར་ཕྱག་ལས་གནང་མཁན་ཉུང་ཉུང་རེད། དེར་བརྟེན་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་སྤྱི་ཚོགས་ནང་ཐུགས་སྣང་དང་ཐུགས་བརྩེ་བ་ཆེན་པོས་སྐུ་ལས་བསྐྱོན་པ་རྣམས་འཕྲལ་ཕུགས་རྒྱང་གསུམ་ལ་ཐུགས་ཕན་གསོ་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། སློབ་གྲྭ་ཁག་ཚང་མས་སློབ་དེབ་འདི་ཉིད་ངེས་པར་ལྟ་ཀློག་གཏོང་རོགས་གནང་། ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཆམས་ཆོས་རིག་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་བ་བཅས། །