ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཨོ་སི་ཀྲོ་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཨོ་སི་ཀྲོ་ལི་ཡའི་མངའ་སྡེ་ཝིག་ཊོ་རི་ཡའི་རྒྱལ་ས་མེལ་སྦོན་གྲོང་ཁྱེར་ནས་སྤྱི་ལེ་ ༣༥ ཙམ་དུ་ཡོད་པའི་ (35 Belgrave-Ferny Creek Rd, Ferny Creek 3786, Melbourne, Vic) ས་ཁྱོན་ཨེ་ཀར་ ༧་༥ (Hectares 3.085) ཅན་གྱི་ས་ཁང་དེ་ནི་ཡེ་ཤུའི་ཆོས་ཚོགས་ (Shantineketan Park Association) ཞེས་པའི་ཡིན་ཞིང་། ཆོས་ཚོགས་དེའི་འགན་འཛིན་ལྕམ་ (Ann Hamilton) ལགས་དགོངས་པ་རྫོགས་སྐབས་ས་ཁང་དེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྩ་དོན་ལ་ཕན་པའི་ཚོགས་སྡེ་ཞིག་ལ་འབུལ་དགོས་པའི་ཞལ་ཆེམས་བཞག་འདུག་པ་ལྟར། ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ནས་འདི་ག་སྐུ་ཚབ་དོན་གཅོད་ལས་ཁུངས་ལ་འབྲེལ་བ་གནང་བར་བརྟེན། འདི་ནས་ཆེད་དུ་ས་ཁང་ཁྱད་ལས་ཁྲིམས་རྩོད་པ་གླས་ཏེ་ཡེ་ཤུའི་ཆོས་ཚོགས་དེའི་འདས་པའི་ལོ་རྒྱུས་དང་རྒྱབ་ལྗོངས། ས་ཁང་དང་འབྲེལ་བའི་རྩོད་རྙོག་ཡོད་མེད། ས་ཁང་དེ་དོན་ཁང་ཁྱབ་འོག་འབྲེལ་ཡོད་ཨོ་གླིང་གཞུང་ལ་ཁྲིམས་མཐུན་དེབ་བསྐྱེལ་ཁྲལ་ཆག་ཡང་གི་ཐོབ་ཐང་ཡོད་པའི་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་མིང་ཐོག་ལེན་ན་ཁྲིམས་སྒྲིག་དང་། ས་ཁང་བདག་པོའི་འདུན་པ་དང་མཐུན་གྱི་ཡོད་མེད་སོགས་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ། མཐར་ཨོ་གླིང་དབུས་ས་གཉིས་ཀྱི་བསྐོར་བྱ་བའི་ལས་ཁུངས་ནས་ད་ལྟའི་ཆར་ཆོས་ཚོགས་དང་ས་ཁང་བཅས་ལ་རྙོག་གླེང་གང་ཡང་མེད་པའི་མཐའ་བསྡོམས་བཟང་པོ་བྱུང་བ་དང་། ས་ཁང་བདག་པོའི་འགན་འཛིན་ལྷན་ཚོགས་ནས་ཀྱང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་ལ་ས་ཁང་འབུལ་རྒྱུའི་ཁྲིམས་མཐུན་ཆ་རྐྱེན་ཡོངས་རྫོགས་ཚང་བའི་མོས་མཐུན་གཅིག་གྱུར་བྱུང་བ་ལྟར། དེ་དོན་དཔལ་ལྡན་བཀའ་ཤག་ལྷན་རྒྱས་སུ་སྙན་སེང་ཞུས་ཏེ་ས་ཁང་རྩིས་ལེན་ཆོག་པའི་བཀའ་འཁྲོལ་ཐོབ་པ་ཞིག་ཡིན།
དཔལ་ལྡན་བཀའ་ཤག་ལྷན་རྒྱས་སུ་ས་ཁང་རྩིས་བཞེས་ཆོག་པའི་བཀའ་འཁྲོལ་ཐོབ་མཚམས། འདི་ནས་ས་ཁང་དེའི་ཁྲིམས་མཐུན་བདག་དབང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ཁྱབ་འོག་བོད་ཀྱི་རིག་གཞུང་བསྟི་གནས་ཁང་ལ་ཡོད་ཀྱང་། ས་ཁང་བེད་སྤྱོད་ཀྱི་དབང་ཚད་ཝིག་ཊོ་རི་ཡ་ས་གནས་བོད་རིགས་མཐུན་ཚོགས་ལ་གནང་ཐུབ་ན་དེ་ཕྱོགས་སུ་གནས་བཞུགས་བོད་མི་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ཕན་ཐོགས་ཆེན་པོ་ཡོང་ངེས་ལ་བསམ་གཞིགས་ཆེན་པོ་བྱས་ཏེ། དཔལ་ལྡན་བཀའ་ཤག་ལྷན་རྒྱས་སུ་གནས་སྟངས་གསལ་བཤད་དང་དེ་དོན་ཆོག་མཆན་བཀའ་འཁྲོལ་ཞུས་པ་དང་། དེ་བཞིན་སྐབས་ ༡༩ པའི་ཝིག་ཊོ་རི་ཡ་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་རྣམ་པ་དང་། ས་ཁང་ཚོགས་ཆུང་གི་རྒྱུན་ལས་ཚོ་མཉམ་དུ་གྲོས་བསྡུར་ཐེངས་མང་ཞུས་ཏེ། ད་ཐེངས་ས་ཁང་བོགས་གཡར་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་མོས་མཐུན་གན་ཡིག་ལ་མཚན་རྟགས་བསྐྱོན་པའི་ས་ཆོག་རྟེན་འབྲེལ་གྱི་མཛད་སྒོ་དངོས་སུ་ཚོགས་ཐུབ་པ་བྱུང་ཡོད།
དེ་ཡང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་དང་། དོན་ཁང་གི་དྲུང་ཆེ་ལྷ་དབང་རྒྱལ་པོ་ལགས། རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་བཅས་མཁའ་ལམ་བརྒྱུད་རྒྱལ་ས་ཁེན་བྷེ་ར་ནས་མེལ་སྦོན་གྲོང་ཁྱེར་གྱི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས། ས་གནས་ཚོགས་གཙོ་རིན་ཆེན་ནོར་བུ་ལགས་དང་། ས་གནས་རྒྱུན་ལས་དང་ས་ཁང་ཚོགས་མི་གཅིག་ལྕོགས་ཁང་རྒན་བློ་བསམ་ལགས་གཉིས་ཀྱིས་ཕེབས་བསུའི་འོག་ཐད་ཀར་འབྲེལ་ཡོད་དོན་ཁང་གི་ས་ཁང་ཁྲིམས་རྩོད་པའི་ལས་ཁུངས་སུ་བཅར་ཏེ། ས་ཁང་གི་ཁྲིམས་མཐུན་ཡིག་ཆ་དང་། ས་གནས་གྲོང་སྡེ་ལྷན་ཁང་དང་འབྲེལ་བ་དགོས་རིགས། ཁྲིམས་མཐུན་གན་ཡིག་མ་ཟིན་བཅས་ལ་མཇུག་སྐྱོང་དང་ལམ་སྟོན་དགོས་རིགས་ཆ་ཚང་ཞུས།
རྩ་བའི་འདི་ཕྱོགས་ཀྱི་འགྲོ་ལམ་ལྟར་གློག་འཕྲིན་གྱི་ལམ་ནས་ས་ཁང་རྩིས་ལེན་ཞུས་ཟིན་ཡང་། བར་ལམ་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་དངོས་སུ་ས་གནས་སུ་བསྐྱོད་མ་ཐུབ་པར་བརྟེན། ཉིན་རྒྱབ་ས་ཁང་ཡོད་སའི་ས་གནས་སུ་དངོས་སུ་བསྐྱོད་དེ་ས་ཁང་བདག་པོའི་འཐུས་ཚབ་ཀྱི་ཕྱག་ནས་ལྡི་མིག་དང་། དངོས་ཟོག་ཇི་ཡོད་རྩིས་ལེན་ཁམས་དྭངས་ཞུས་པ་དང་། དགོང་མོ་ཆུ་ཚོད་ ༥།༣༠ ཐོག་མེལ་སྦོན་གྲོང་ཁྱེར་དུ་ཡོད་པའི་སྟོབས་ཆེན་ཟ་ཁང་དུ་འབྲེལ་ཡོད་ས་གནས་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་རྣམ་པ་དང་། ས་ཁང་ཚོགས་ཆུང་གི་ཚོགས་མི་རྣམ་པ་བཅས་དང་མཉམ་དུ་འཛོམས་ཏེ་བོགས་གཏོང་གན་ཡིག་གི་རགས་ཟིན་ལ་དེ་སྔ་ཕྱོགས་ཕན་ཚུན་དབར་ཡིག་འབྲེལ་གྱི་ལམ་ནས་གོ་བསྡུར་སྦྱང་བཤད་ཞུས་པའི་ནང་དོན་ཁག་ཆད་ལྷག་བྱུང་ཡོད་མེད་ཚིག་འབྲུ་རེ་རེ་བཞིན་ཞིབ་བཤེར་དང་འབྲེལ་གན་ཡིག་མ་ཟིན་གཏན་འབེབས་བྱས་པ་དང་། དེ་ནས་ལས་དོན་ཅི་རིགས་སྐོར་ཕན་ཚུན་བསམ་ཚུལ་བརྗེ་རེས་ལྷུག་པོ་ཞུས།
ཕྱི་ཚེས་ ༢༥ ཪེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་སྐུ་ཚབ་དོན་གཅོད་ཀྱིས་གཙོས་ལས་བྱེད་རྣམ་གཉིས་དང་། ས་གནས་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་རྣམ་པ། ས་གནས་ས་ཁང་ཚོགས་ཆུང་གི་ཚོགས་མི་རྣམ་པ། ཕྱོགས་ཕན་ཚུན་གཉིས་ཀྱི་གཟུ་དཔང་རེ། འབྲེལ་ཡོད་ས་ཁང་བདག་པོའི་འཐུས་ཚབ་བཅས་ཚང་མ་ (35 Belgrave-Ferny Creek Road, Ferny Creek 3786, Melbourne, VIC) ས་གནས་སུ་ངོ་འཛོམས་གནང་སྟེ། ཆུ་ཚོད་ ༡༠ ནས་ ༡༠།༣༠ བར་སྐུ་ཚབ་དོན་ཁང་ནས་ཆེད་དུ་གདན་འདྲེན་ཞུས་པའི་དགེ་བའི་བཤེས་གཉེན་ཆེན་པོ་རྒན་རྡོ་དགའ་ལགས་དང་། ཚ་གྲོང་རིན་པོ་ཆེ་གཉིས་ཀྱི་གཙོས་བླ་མ་དགེ་བཤེས་ཁག་གཅིག་ནས་རང་ལུགས་ས་ཆོག་རྟེན་འབྲེལ་དང་འབྲེལ་བའི་ཞལ་འདོན་དང་། ས་ཁང་ལ་རབ་གནས། བསང་གསོལ་བཅས་གནང་གྲུབ་རྗེས་རྟེན་འབྲེལ་འབྲས་བསིལ་སྐུ་མགྲོན་ཚང་མར་འདེགས་འབུལ་ཞུས།
ཆུ་ཚོད་ ༡༠།༣༥ ནས་ ༡༠།༤༠ བར་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བསྟན་འཛིན་ཟླ་བ་ལགས་ཀྱིས་ཝིག་ཊོ་རི་ཡ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་བསུ་འཚམས་འདྲིའི་གསུང་བཤད་གནང་གྲུབ་མཚམས། སྐུ་ཚབ་དོན་གཅོད་ཀྱིས་ས་ཁང་དེའི་ངོ་བོ་དང་ཇི་ལྟར་ཐོབ་ལུགས། ས་གནས་བོད་རིགས་མཐུན་ཚོགས་ལ་བོགས་མ་གཏོང་ཕྱོགས་སྐོར་གྱི་བརྒྱུད་རིམ་མདོར་བསྡུས་ངོ་སྤྲོད་དང་འབྲེལ། ཨིན་ཡིག་ཐོག་འབྲེལ་ཡོད་ས་ཁང་བདག་པོའི་སྦྱིན་བདག་ཚོར་བཀའ་དྲིན་ཆེ་ཞུའི་གསུང་བཤད་གནང་།
ཆུ་ཚོད་ ༡༡ ཐོག་འབྲེལ་ཡོད་ཚང་མ་ས་ཁང་གི་གཞི་ཁྱོན་དང་། མ་འོངས་ས་མཚམས་འགེལ་སྲུང་གི་ལྕགས་རྭ་བསྐོར་ཕྱོགས། ཚོགས་ཁང་གི་གནས་སྟངས་སོགས་ལ་བསྐོར་ཞིབ་དང་འབྲེལ་ས་ཁང་ལ་རྒྱུས་ལོན་བྱུང་བསྟུན། སླར་ཡང་ཚོགས་ཁང་དུ་འཛོམས་ཏེ་འབྲེལ་ཡོད་སྐུ་ཚབ་དོན་གཅོད་དང་། ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རིན་ཆེན་ནོར་བུ་ལགས། དགེ་བཤེས་རྡོ་དགའ་ལགས་བཅས་ནས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས། སྐྱབས་གནས་དགེ་འདུན་གྱི་སྡེ། མི་མང་བཅས་ཀྱི་ཚབ་ཞུས་ཏེ་ས་ཁང་བདག་པོ་འབྲེལ་ཡོད་ཡེ་ཤུ་ཆོས་ཚོགས་ཀྱི་འཐུས་མི་རྣམ་པར་བཀྲ་ཤིས་པའི་མཇལ་དར་འབུལ་བསྟུན་རྗེས་དྲན་སྐུ་པར་མཉམ་སྒྲོན་ཞུས།
ཉིན་གུང་ཆུ་ཚོད་ ༡༢།༣༠ ནས་ ༡།༣༠ བར་ས་གནས་བོད་རིགས་མཐུན་ཚོགས་ནས་ཉིན་གུང་ཞལ་ལག་གྲ་རྒྱས་ཕུན་སུམ་ཚོགས་པ་བཀྱག་རྗེས་འབྲེལ་ཡོད་ཡེ་ཤུའི་ཆོས་ཚོགས་ཀྱི་འཐུས་མི་རྣམ་པ་ཕེབས་བསྐྱེལ་ཞུས་པ་དང་། ཉིན་རྒྱབ་ཆུ་ཚོད་ ༢ ཐོག་ས་གནས་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་རྣམ་པ་དང་། ས་ཁང་ཚོགས་ཆུང་གི་ཚོགས་མི་རྣམ་པ། སྐུ་ཚབ་དོན་གཅོད་དང་ལས་བྱེད་རྣམ་གཉིས། ཕྱོགས་ཕན་ཚུན་གྱི་གཟུ་དཔང་བཅས་ཚོགས་ཁང་དུ་ལྷན་འཛོམས་བྱས་ཏེ། གོང་གསལ་ཆེད་དུ་གདན་འདྲེན་བླ་མ་དགེ་བཤེས་རྣམ་པས་བདེན་པའི་དཔང་པོ་འོག་ས་ཁང་བོགས་གཏོང་གི་མོས་མཐུན་གན་ཡིག་ལ་ཕྱོགས་ཕན་ཚུན་གྱི་སྐུ་ཚབ་དང་། གཟུ་དཔང་ནས་དངོས་སུ་མཚན་རྟགས་བསྐྱོན་རྗེས། སྐུ་ཚབ་དོན་གཅོད་ཀྱིས་མཇུག་བསྡོམས་གསུང་བཤད་དང་། ས་གནས་ས་ཁང་ཚོགས་ཆུང་གི་ཚོགས་མི་ངག་དབང་སྟོབས་ཆེན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་པའི་གཏམ་བཤད་སེམས་འགུལ་ཐེབས་པ་གནང་གྲུབ་མཚམས། ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། ས་ཁང་ཚོགས་ཆུང་གི་ཚོགས་མི་བཅས་ནས་འབྲེལ་ཡོད་སྐུ་ཚབ་དོན་གཅོད་དང་ལས་བྱེད་རྣམ་གཉིས་ལ་བཀྲ་ཤིས་པའི་མཇལ་དར་ཕུལ་ཏེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད།
མེལ་སྦོན་དུ་ཡོད་པའི་ས་ཁང་དེ་ནི་ས་རྒྱ་ཆེ་ལ། ས་གནས་ཡུལ་བསྐོར་སྤྲོ་འཆམ་གྱི་བསྟི་གནས་ཤིག་ཏུ་འཁེལ་གྱི་ཡོད་སྟབས་མ་འོངས་ཡར་རྒྱས་གཏོང་རྒྱུའི་གཞི་ཆེན་པོ་ཡོད་པ་དང་། ས་ཁང་དེའི་ཐོག་མི་ ༢༠༠ ཙམ་གྱི་གཤོངས་ཚད་ཡོད་པའི་ཚོགས་ཁང་ཤིག་ཡོད་པ་ཅུང་རྙིང་ཁོག་ཏུ་གྱུར་ཡོད་ཀྱང་། ཚོགས་ཁང་ནང་དུ་གསང་སྤྱོད་དང་ཐབ་ཚང་། དཔེ་མཛོད། གདན་འོག་ཚ་གློག་བཅས་རང་འགྲིག་ཡོད་སྟབས། ད་ལྟའི་ཆར་བོད་རིགས་མཐུན་ཚོགས་ཀྱི་སྤྱི་ཁང་དུ་བེད་སྤྱོད་བྱེད་རིན་ཆོག་པ་ཞིག་འདུག་པ་དང་། དམིགས་བསལ་རྒྱབ་ལོག་ཏུ་ས་སྟོང་ཆེན་པོ་ཡོད་པར་བརྟེན། གན་ཡིག་ནང་གསལ་ས་ཁང་དེའི་ཐོག་ལ་གསུང་ཆོས་དང་། ནང་ཆོས་སློབ་གཉེར། ཞབས་རིམ་གསོག་སྒྲུབ། ནང་བསྟན་གྱི་དུས་ཆེན་དང་འབྲེལ་བའི་ཡུལ་མི་ཚོ་ལའང་ཕན་ནུས་ཡོད་པའི་བྱེད་སྒོ་ཅི་རིགས། ༧སྐུའི་འཁྲུངས་སྐར་གཙོས་པའི་གཞུང་འབྲེལ་གྱི་མཛད་སྒོ་ཁག བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་རིག་གཞུང་འཁྲབ་སྟོན། བོད་ཀྱི་ལོ་གསར་གྱིས་གཙོས་བོད་མིའི་ཡུལ་སྲོལ་གོམས་གཤིས་དང་མཐུན་པའི་དུས་ཆེན་དང་མཛད་སྒོ། སྒེར་སོ་སོའི་སྐྱེས་སྐར་དང་གཉེན་སྒྲིག་བག་སྟོན། ཚོགས་པ་ཁག་གི་ཐུགས་སྤྲོ་སོགས་ཅི་རིགས་གོ་སྒྲིག་བྱ་ཆོག་གི་ཡོད།
ད་ཐེངས་ཀྱི་མཛད་སྒོ་དེ་བཞིན་དོན་ཁང་གི་དྲུང་ཆེ་ལྷ་དབང་རྒྱལ་པོ་ལགས་ཀྱིས་བོད་ཨིན་གཉིས་ཐོག་གཙོ་སྐྱོང་གནང་བ་དང་། སྐུ་ཚབ་དོན་གཅོད་ཀྱིས་གཙོས་དོན་ཁང་གི་ལས་བྱེད་གསུམ་ཆེད་མངགས་མེལ་སྦོན་གྲོང་ཁྱེར་དུ་ཕྱོགས་བསྐྱོད་དང་སྟབས་བསྟུན། འབྲེལ་ཡོད་རྒྱ་རིགས་གྲོགས་པོ་ཚོ་མཉམ་དུ་ཐུག་འཕྲད་ཀྱིས་སྐུ་ཚབ་དོན་གཅོད་ཀྱིས་ཞལ་གྱེས་གཏམ་བཤད་དང་། དོན་ཁང་གི་དྲུང་ཆེ་གསར་པ་ངོ་སྤྲོད། སྤྱིར་རྒྱལ་སྤྱི་དང་རྒྱ་ནག་གི་གནས་སྟངས། མ་འོངས་བོད་དོན་གྱི་འཕེལ་ཕྱོགས་བཅས་སྐོར་བགྲོ་གླེང་ལྷུག་པོ་བྱུང་ཡོད།
གོ་སྐབས་འདི་དང་བསྟུན་དམིགས་བསལ་ད་ཐེངས་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་གྷེབ་རིལ་ལ་ཕི་ཊེ་ (Gabriel Lafitte) ལགས་དང་ཁོང་གི་ལྕམ་ (Prop.Helen) ལགས་ཀྱི་གཟིམ་ཤག་ཏུ་ཆེད་དུ་བཅར་ཏེ། ཁོང་གཉིས་ལ་ཐུགས་རྗེ་ཆེ་ཞུས་པའི་མཇལ་དར་དང་མེ་ཏོག་ཕུལ་བ་མ་ཟད། སྐུ་ཞབས་གྷེབ་རིལ་ལ་ཕི་ཊེ་ལགས་ཁོང་བར་ལམ་ནད་གཞི་ལྕིད་པོས་མནར་ཏེ་སྐུ་ངལ་གང་འཚམས་འཕྲད་ཡོད་ཀྱང་། ད་ལམ་བཤག་བཅོས་དྲག་བསྐྱེད་དུ་འགྲོ་མུས་ལ་བརྟེན་རིག་པ་དྭངས་གསལ་ཐོག་རྒྱལ་སྤྱི་དང་རྒྱ་ནག་གི་གནས་སྟངས་དང་འབྲེལ་བའི་བོད་དོན་ཐོག་ཆུ་ཚོད་གཉིས་ལྷག་བཀའ་མོལ་དང་། ལམ་སྟོན་ཞུས་པའི་གོ་སྐབས་བཟང་པོ་བྱུང་སོང་ལ། སྐུ་ཞབས་ཁོང་དང་ཁོང་གི་སྐུ་ཟླ་གཉིས་ཀྱང་དགའ་ཚོར་ཆེན་པོས་མ་འོངས་མུ་མཐུད་ཞབས་ཞུ་ཅི་ནུས་སྒྲུབ་རྒྱུའི་ཁས་ལེན་ཡང་ཞུས་སོང་བ་བཅས། །