ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་ནང་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལམ་ལྷོངས་ཡོང་སླད་ཞུ་གཏུག་གི་ལས་འགུལ་ཁག་ཚགས་ཚུད་ངང་སྤེལ་ཏེ་ལེགས་གྲུབ་བྱུང་རྗེས་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༩ ཉིན་བཞུགས་སྒར་རྡ་སར་བདེ་ལེགས་ངང་ཕེབས་འབྱོར་གནང་ཡོད།
ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊིམ་ (Donald Trump) མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་གནང་ཡོད་པ་དང་། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ ( chairman of the Senate Foreign Relations Committee) གི་ཚོགས་གཙོ་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེམ་སི་ (James E. Risch) མཆོག་དང་། ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་ (Marco Rubio) མཆོག ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷེན་ཁར་ཌིན་ (Ben Cardin) མཆོག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཌ་ཡིན་ཕ་ཡིན་སི་ཊ་ཡིན་ (Dianne Feinstein) མཆོག་བཅས་ནས་བདུན་ཕྲག་སྔོན་མའི་ནང་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱིས་སྤྱི་མོས་ཐོག་རྒྱབ་སྐྱོར་གནང་ཡོད་པའི་ཕྱི་ལོ་ ༢༠༡༩ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ (Tibetan Policy and Support Act 2019) དེ་བཞིན་ལམ་ལྷོངས་བྱུང་བར་དགའ་བསུའི་བསྒྲགས་གཏམ་ཞིག་སྤེལ་ཡོད།
དེ་ཡང་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་གིས། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༣ ཉིན་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཨ་རིའི་གྲོས་ཚོགས་འོག་མའི་ནང་ངོ་སྤྲོད་གནང་ཡོད། ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་མཆོག་དང་ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷེན་ཁར་ཌིན་མཆོག་གིས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༤ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་ངོ་སྤྲོད་གནང་ཡོད།
ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་བཞིན་ད་ཆ་ཨ་རིའི་གཞུང་གི་ཁྲིམས་སུ་གཏན་འབེབས་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་་མཆོག་གིས་གསུང་དོན། ཨ་རིའི་གཞུང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་གལ་ཆེ་ཤོས་སུ་བརྩིས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཐོག་དྲག་གནོན་བྱེད་བཞིན་པའི་སྐོར་འགྲེལ་བརྗོད་ཁ་གསལ་གནང་སྟེ་རྒྱལ་ཁབ་གཞན་པ་ཚོས་ཀྱང་ཨ་རིའི་རྗེས་སུ་འབྲང་དགོས་པའི་མིག་ལྟོས་བཟང་པོ་བཞག་གནང་ཡོད། ཅེས་དང་།
ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཨ་རིའི་གཞུང་གི་ཁྲིམས་སུ་གཏན་འབེབས་གནང་བར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེམ་སི་མཆོག་དང་། ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་མཆོག ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷེན་ཁར་ཌིན་མཆོག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཌ་ཡིན་ཕ་ཡིན་སི་ཊ་ཡིན་མཆོག་བཅས་ནས་དགའ་བསུའི་བསྒྲགས་གཏམ་སྤེལ་བར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་གྱི་འགན་དབང་མགོན་པོ་གང་ཉིད་མཆོག་དང་བོད་མི་ཚོར་ཡོད་པ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པ་བཀོད་ཡོད། གལ་ཏེ་རྒྱ་ནག་གཞུང་གི་ལས་བྱེད་མི་སྣས་བོད་མིའི་བླ་སྤྲུལ་ངོས་འཛིན་ཐད་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་འབྲེལ་ཡོད་ལས་བྱེད་དེ་དག་ལ་དམ་བསྒྲགས་བཀའ་ཆད་ལྕི་མོ་གཅོད་རྒྱུ་དང་། བོད་མིའི་སྒྲིག་འཛུགས་དང་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་སྲིད་སྐྱོང་མཆོག་ཡིན་པ་ངོས་འཛིན་གནང་ཡོད་པ་མ་ཟད། གཞིས་བྱེས་བོད་མི་རྣམས་ལ་རོགས་དངུལ་གནང་རྒྱུའི་ཞལ་བཞེས་གནང་ཡོད། དེ་བཞིན་ཁྲིམས་འཆར་དེས་བོད་མཐོ་སྒང་གི་ཁོར་ཡུག་དང་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོབ་གནང་རྒྱུ་དང་། དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར། བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་བར་རྒྱབ་སྐྱོར་གནང་ཡོད།
ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེམ་སི་མཆོག་གིས། ང་ཚོ་མཉམ་རུབ་ཐོག་ཁ་གཅིག་གྲག་གིས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁྲིམས་སུ་གཏན་འབེབས་གནང་ཐུབ་ཡོད། ཅེས་དང་། ངས་དུས་ཡུན་རིང་པོར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་ཞུས་ཡོད། ལྷག་པར་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེའི་ནང་ཨ་རིའི་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་རྒྱ་ནག་དམར་ཤོག་ཚོགས་པའི་ཐེ་བྱུས་མེད་པར་བོད་མིའི་ཚོགས་སྡེ་ཁོ་ནས་ངོས་འཛིན་ཞུ་དགོས་པའི་གཏན་འཁེལ་གནང་བར་དམིགས་བསལ་གྱིས་དགའ་སྤོབས་སྐྱེས་སོང་། ཞེས་གསུངས།
ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་མཆོག་གིས་གསུང་དོན། བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེས་ཨ་རིའི་གཞུང་གིས་བོད་མི་ཚོར་རྒྱབ་སྐྱོར་གནང་བཞིན་ཡོད་པ་དང་། བོད་མིའི་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་དང་། དཔེར་ན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་དེར་མཐའ་གཅིག་ཏུ་ངོ་རྒོལ་གནང་རྒྱུ་ཡིན་པའི་བརྡ་ལན་གལ་ཆེན་ཞིག་བསྟན་ཡོད། ཅེས་དང་།
ང་ཚོའི་ངོས་ནས་མུ་མཐུད་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་། རིག་གཞུང་། སྐད་ཡིག་སོགས་ཀྱི་ཐོག་དྲག་གནོན་བྱེད་བཞིན་པའི་སྐོར་ཐེར་འདོན་བྱེད་དགོས། བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁྲིམས་སུ་གཏན་འབེབས་གནང་བར་དགའ་བསུ་དང་སྦྲགས། ངས་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་ཁྲིམས་འཆར་དེ་བརྒྱུད་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་པའི་དཀའ་ངལ་སེལ་ཐབས་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས།
ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷེན་ཁར་ཌིན་མཆོག་གིས། བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་འཇམ་ཐིང་ངེ་མི་བཞུགས་པར་ཨ་རི་གཞུང་གིས་དེ་སྔ་ཨུ་རུ་སུའི་གཞུང་གི་ལས་བྱེད་ཁག་གཅིག་ལ་མེག་ནི་སི་ཀི་བཀའ་ཆད་ (Magnitsky Act) ཀྱི་ཁྲིམས་ལག་བསྟར་གནང་བ་ལྟར། རྒྱ་ནག་གཞུང་གི་ལས་བྱེད་ཁག་གཅིག་ལའང་བཀའ་ཆད་གཅོད་སྲིད་པའི་བརྡ་ལན་ཤུགས་ཆེན་པོ་ཞིག་བཏང་གནང་ཡོད། ཅེས་དང་། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་མཉམ་རུབ་ཐོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་སུ་རྒྱབ་སྐྱོར་གནང་གི་ཡོད། ཅེས་གསུངས།
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཌ་ཡིན་ཕ་ཡིན་སི་ཊ་ཡིན་མཆོག་གིས། བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ཕྱི་ལོ་ ༢༠༠༢ ལོའི་བོད་དོན་སྲིད་བྱུས་ (Tibetan Policy Act 2002) ལ་ཁ་སྣོན་བྱས་ཏེ་མགྱོགས་མྱུར་ཁྲིམས་སུ་ཆགས་རྒྱུ་ཡིན་པས་ང་རང་ཧ་ཅང་དགའ་པོ་བྱུང་། ཁྲིམས་འཆར་དེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གནས་སྟངས་སྡུག་ཏུ་འགྲོ་བཞིན་པའི་དཀའ་ངལ་སེལ་ཐབས་གནང་རྒྱུ་དང་། ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་མཆོག་གིས་མཉམ་རུབ་ཐོག་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། ངས་ཁྲིམས་འཆར་དེས་བོད་མི་ཚོའི་ཆེད་དུ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ཅེས་གསུངས།།