ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་དང་འབྲེལ་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་གོ་སྒྲིག་འོག་བོད་དང་ཡུ་གུར། ཧོང་ཀོང་བཅས་ཀྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་དང་། མཚུངས་བསྡུར་གྱི་ལྟ་ཚུལ། (Spotlight on Human Rights in Xinjiang, Hong Kong, and Tibet: A Comparative View) ཞེས་པའི་བརྗོད་གཞིའི་ཐོག་དྲ་རྒྱ་བརྒྱུད་བགྲོ་གླེང་ཚོགས་ཡོད།
དེ་ཡང་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་གཞོན་པ་ལྕམ་སྐུ་ཡེལ་ལེམ་པར་ཊི་ (Yael Lempert) མཆོག་གིས་བགྲོ་གླེང་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས། རྒྱ་ནག་གཞུང་གིས་ཡུ་གུར་དང་། ཧོང་ཀོང་། བོད་བཅས་ཀྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ཨ་རིའི་གཞུང་གིས་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད།
ཨ་རིའི་གཞུང་ཚབ་ཁང་གིས་གསར་འགོད་པ་ཁག་གཅིག་མགྲོན་འབོད་གནང་ཡོད་པ་དང་། རང་དབང་གསར་ཁང་དང་། ཊེ་ལི་གྷ་རབ། (Telegraph) གར་ཌེན། (Guardian) བཅས་ཨིན་ཇིའི་གསར་ཁང་གྲགས་ཅན་ཁག་གི་རྩོམ་སྒྲིག་པས་གསུང་བཤད་གནང་མཁན་རྣམས་ལ་བཀའ་འདྲི་ཞུས་ཡོད། གསུང་བཤད་གནང་མཁན་རྣམ་པས་ཁ་གཅིག་གྲག་གིས་ཨ་རིའི་བདམས་ཐོན་སྲིད་འཛིན་སྐུ་ཞབས་ཇོ་བྷ་ཡེ་ཌན་ (Joe Biden) མཆོག་གིས་རྒྱ་ནག་ཐོག་སྲིད་བྱུས་མཁྲེགས་པོ་ཞིག་གཏན་འབེབས་གནང་དགོས་པ་དགོངས་ཚུལ་གཅིག་མཚུངས་སུ་གསུངས་ཡོད།
ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས། ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་གཞོན་པ་མཆོག་གིས་དབུས་འབྲེལ་ཡོད་ལས་བྱེད་རྣམ་པས་བགྲོ་གླེང་སྟེང་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་ནང་ཆོས་དད་རང་དབང་དང་འགྲོ་འདུག་རང་དབང་སོགས་ཀྱི་ཐོག་དམ་བསྒྲགས་དང་། འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་སོགས་བོད་མི་ཚོར་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་ཡོད་པ་སོགས་ཀྱི་སྐོར་གསུངས།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ (Inter-Parliamentary Alliance on China) འབྲེལ་མཐུད་པ་སྐུ་ཞབས་ཕོ་ལི་ཧྥོར་ཌི ་(Luke de Pulford) ལགས་དང་། རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ཀྱི་ཨིན་ཡུལ་ལས་འཆར་ངེས་སྟོན་པ་དང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་སློབ་སྟོན་པ་རཱ་ཧི་མ་ (Rahima Mahmut) ལགས། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་སྐུ་ཞབས་ནཱ་ཐན་ལའོ་ (Nathan Law) ལགས་བཅས་ནས་གསུང་བཤད་གནང་ཡོད་པ་བཅས། །