ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༣ ཉིན་ནས་བཟུང་ཕྱི་ཟླ་ ༡༢ ཚེས་ ༢༡ བར་དྲ་རྒྱ་ལམ་བརྒྱུད་ཧི་མ་ལ་ཡའི་གནའ་དུས་དགོན་པ་ཁག་གི་ལོ་རྒྱུས་ངོ་སྤྲོད་ཀྱི་གཏམ་བཤད་ལས་རིམ་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཀརྨ་བསྟན་འཛིན་ལགས་ཀྱིས་ཧི་མ་ལ་ཡའི་གནའ་དུས་དགོན་པ་ཁག་གི་ལོ་རྒྱུས་ངོ་སྤྲོད་ཀྱི་གཏམ་བཤད་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་ཨ་ཅཱརྱ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་གསུང་དོན། འབྲས་ལྗོངས་ཀྱི་ས་བབ་ཆགས་ཚུལ་དང་། འབྲས་ལྗོངས་ཀྱི་བྱང་ཕྱོགས་ལ་བོད་གམ་པ་རྫོང་དང་ཤར་ཕྱོགས་སུ་གྲོ་མོ་རྫོང་། ནུབ་ཕྱོགས་ལ་བལ་ཡུལ་གྱི་ས་མཚམས་འཁེལ་གྱི་ཡོད་པ་དང་། ལྷོ་ཕྱོགས་སུ་རྒྱ་གར་མངའ་སྡེ་ནུབ་སྦེང་གྷལ་ཡོད། ད་ལྟའི་འཆར་འབྲས་ལྗོངས་ཀྱི་ས་ཆའི་བཀོད་པ་ཆུང་ཆུང་རེད། འོན་ཀྱང་དུས་རབས་བཅུ་བདུན་སྐབས་འབྲས་ལྗོངས་ཀྱི་ས་ཁྱོན་དེ་ལས་འདབ་གསུམ་གྱི་མང་བ་དང་ཆེ་བ་ཡོད།
དུས་རབས་བཅུ་བདུན་སྐབས་འབྲས་ལྗོངས་ཀྱི་ཡུལ་འདི་བཞིན་རྒྱལ་ཁབ་ཀྱི་ངོ་བོར་གྱུར་ཡོད། དེའི་རྗེས་ཕྱིའི་བཙན་འཛུལ་འབྲུག་གི་དམག་ཐེངས་གཉིས་དང་ Gurkha war དམག་སྐབས་ལུང་པ་ཤོར་བ་རེད། དེ་སྔ་བོད་དང་གོར་ག་དབར་ལ་དམག་ཡང་བྱུང་ཡོད། དང་ཐོག་འབྲུག་དམག་བྱུང་ཡོད། ད་ལྟ་ང་ཚོའི་ཁ་རྒྱུན་ལ་ཀ་རྡོར་སྒང་གསུམ་ཞེས་ཡོངས་གྲགས་བརྗོད་སྲོལ་ཡོད་པ་དེ་དག་འབྲས་ལྗོངས་ཀྱི་ལུང་པ་ཡིན། དེར་འབྲུག་དམག་རྐྱེན་པས་ཀ་སྦུག་འབྲུག་རྒྱལ་ཁབ་ལ་ཤོར་ཡོད། ད་ཆ་ཀ་སྦུག་ནི་ནུབ་སྦེང་གྷལ་ཁུངས་ཡིན། ཕྱི་ལོ་ ༡༨༣༢ ལོར་རྡོར་གླིང་ནང་ཨིན་ཇིའི་བཙན་འཛུལ་བྱས་ཡོད། ཅེས་དང་། ཆོས་ཕྱོགས་ནས་ཞུ་ཚེ། དེ་སྔ་འབྲས་ལྗོངས་ཀྱི་ས་ཁུལ་ནི་བོད་ཡུལ་དང་གཅིག་མཚུངས་ཡིན། ས་མཐོ་རི་བྲག་དང་ནགས་ཚལ་ཐུག་པོ། དེའི་ནང་གནས་སྡོད་བྱེད་མཁན་མི་མ་ཡིན་པ་སྤྲ་དང་སྤྲེའུ། སྲིན་པོ་ལ་སོགས་ཀྱི་ལུང་པ་བཟུང་ཡོད། འཕགས་པ་སྤྱན་རས་གཟིགས་ནི་བོད་ཁ་བ་གངས་ཅན་ལྗོངས་ཀྱི་གདུལ་ཞིང་རེད། དེ་དང་མཉམ་དུ་སྦས་ཡུལ་འབྲས་མི་ལྗོངས་ལའང་ཁོང་གིས་བྱིན་གྱི་བརླབས་ཏེ་བྱུང་བ་རེད། ཅེས་དང་།
དུས་རབས་བརྒྱད་པའི་བོད་བཙན་པོའི་དུས་སྐབས་སུ་གུ་རུ་རིན་པོ་ཆེ་མཆོག་གི་ལུང་བསྟན་ནང་། གུ་རུ་རིན་པོ་ཆེ་མཆོག་སྲིན་པོ་ཡུལ་དུ་ཕེབས་པའི་སྐབས་མ་འོངས་པར་བོད་ནང་དཀའ་ངལ་དང་སྡུག་པོ་འཕྲད་རྒྱུ་ཡིན་པ་དང་ཧོར་སོག་གི་དམག་འབྱུང་རྒྱུ་ཡིན་སྐོར་དང་། དེ་སྐབས་ལས་དང་ལྡན་པ། བསྐལ་པ་ལྡན་པ་ཆོས་བྱེད་མཁན་རྣམས་ངས་སྦས་བཞག་པའི་སྦས་ཡུལ་འབྲས་རྗོངས་ཡུལ་དུ་ཕེབས་དགོས་ཀྱི་ཡོད། ཕེབས་དགོས་པའི་དམིགས་ཡུལ་དང་ཕེབས་སྟངས་སོགས་ཆ་ཚང་གསུངས་ཏེ་གཏན་ལ་ཕབ་ཡོད། དེ་ནས་གུ་རུ་རིན་པོ་ཆེ་མཆོག་ཁོང་དང་ལྷན་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་མཁའ་འགྲོ་ཡེ་ཤེས་ཆོས་རྒྱལ། བློན་པོ་ལ་སོགས་སྦས་ཡུལ་འབྲས་མོ་རྗོངས་སུ་ཕེབས་ནས་མ་འོངས་པར་བསྐལ་ལྡན་གྱི་སྐྱེས་བུའི་ཆོས་བྱེད་སའི་ཡུལ་རེེད་སྦས་ཡུལ་ཞེས་སྦས་ནས་བཞག་པའི་ཡུལ་ལོ། ཞེས་དང་། ཕྱོགས་མཚུངས་དུས་རབས་བཅུ་བདུན་ནས་བཟུང་སྦས་ཡུལ་འབྲས་རྗོངས་ཀྱི་ཡུལ་དུ་ནང་པའི་དགོན་སྡེ་ཁག་རིམ་བཞིན་ཡར་རྒྱས་ཕྱིན་ཡོད་སྐོར་སོགས་གསུངས།
ཕྱི་ཚེས་ ༢༥ ཉིན་གཏམ་བཤད་ལས་རིམ་གཉིས་པའི་ཐོག་གཏམ་བཤད་གནང་མཁན་འབུམ་རམས་པ་འཇིགས་མེད་དབང་ཕྱུག་ལགས་ཀྱིས་གསང་ཆེན་པདྨ་ཡང་རྩེ་དགོན་པའི་སྐོར་གསུང་དོན། དང་ཐོག་གོ་སྐབས་དེ་ལྟ་བུར་ཕུལ་བར་ངས་གསང་ཆེན་པདྨ་ཡང་རྩེ་དགོན་གྱི་ཚབ་ཞུས་ཏེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། དུས་རབས་བརྒྱད་པ་ནས་བཟུང་གནས་འབྲས་མོ་ལྗོངས་འདི་བཞིན་བོད་དང་དངོས་ཤུགས་བརྒྱུད་གསུམ་གྱི་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། ཁྱད་པར་དུ་དུས་རབས་བཅུ་གསུམ་ནས་བཟུང་ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་ལ་སོགས་པའི་ཐད་ལ་ཤ་དང་སེན་མོ་ལྟར་འབྲེལ་བ་ཡོད། བཤད་མི་དགོས་པའི་རང་བཞིན་ཡིན། གནས་འདིའི་ནང་ལ་ཡོད་པའི་དགོན་པ་ཐམས་ཅད་ཀྱི་ནང་ནས་གསང་ཆེན་པདྨ་ཡང་རྩེ་དགོན་པ་ནི་སྙན་གྲགས་ཆེ་ཤོས་ཤིག་ཡིན། རྒྱལ་རབས་ལོ་རྒྱུས་ཁག་ནང་དེ་འདྲ་ཞིག་འཁོད་ཡོད། ཅེས་དང་། དེ་ནས་ས་གནས་ཀྱི་དགོན་ཆེན་དྲུག་གི་ངོ་སྤྲོད་དང་གསང་ཆེན་པདྨ་ཡང་རྩེ་དགོན་པའི་ཆགས་སྟངས་སོགས་ཀྱི་སྐོར་གསུངས།
ཕྱི་ཚེས་ ༢༨ ཉིན་ཏེ་གཏམ་བཤད་ལས་རིམ་གསུམ་པའི་ཐོག་གཏམ་བཤད་གནང་མཁན་སློབ་དཔོན་ཟུར་པ་བླ་མ་ངག་དབང་ནོར་བུ་ལགས་ཀྱིས་མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱི་རྒྱབ་ལྗོངས་ལོ་རྒྱུས་ངོ་སྤྲོད་གནང་དོན། མོན་ཞེས་པ་ནི་ས་ཆ་ཆུང་ཆུང་ཞིག་ཡིན་ཡང་ལོ་རྒྱུས་རང་བཞིན་ལྡན་པ་ཡིན། ངས་གང་ཤེས་པ་དེ་མར་ཞུ་རྒྱུ་ཡིན། ཞིབ་ཚགས་པོ་ཞུ་མི་ཐུབ། རྩ་བའི་མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པ་འདི་བཞིན་ཐོག་མར་ཕྱག་འདེབས་མཁན་མེ་རག་བླ་མ་བློ་གྲོས་རྒྱ་མཚོ་མཆོག་ཡིན། ཁོང་ནི་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གི་བཞེད་ལུགས་ཐུན་མོང་མིན་པ་ཞིག་ཆགས་ཡོད། ཁོང་རང་ཉིད་བོད་དུ་ཕེབས་ཏེ་གསན་བསམ་སློབ་གཉེར་ཆ་ཚང་གྲུབ་རྗེས་ཕྱིར་མོན་ཁུལ་དུ་ཕེབས་ནས་སྔར་༸རྒྱལ་དབང་སྐུ་ཕྲེང་གོང་མ་རྣམས་ནས་ཕྱག་བཏབ་པའི་དགོན་སྡེ་ཁག་གཟིགས་རྟོགས་གནང་རྒྱུ་དང་། ཆེད་དུ་མངགས་ནས་རང་ཉིད་ཀྱི་ངོས་ནས་མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པ་གསར་བཞེངས་གནང་རྒྱུའི་དགོངས་བཞེད་བྱུང་འདུག འོན་ཀྱང་སྐབས་དེར་འགལ་རྐྱེན་ཆེན་པོའི་རྐྱེན་པས་ཁོང་རང་ཉིད་ཀྱི་དགོངས་པ་གཞིར་བཟུང་གསར་བཞེངས་གནང་ཐུབ་མེད། དེ་ནས་བོད་དུ་ཕེབས་ཏེ་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་མཇལ་བཅར་གྱིས་མོན་ཁུལ་དུ་དགོན་པ་ཞིག་ཕྱག་བཏབ་རྒྱུའི་རྒྱབ་གཉེར་ཡོང་སྐོར་སོགས་སྙན་སེང་ཞུས་ཡོད། ཅེས་སོགས་གསུངས།
ཐེངས་འདིའི་གཏམ་བཤད་ལས་རིམ་གྱི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ངོས་ནས་ད་ཆ་ཧི་མ་ལ་ཡའི་ཁུལ་དུ་ཡོད་པའི་དགོན་སྡེ་ཁག་མང་དག་ཅིག་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པ་དང་། ནང་པ་སངས་རྒྱས་པའི་ལྟ་གྲུབ་གཞིར་བཟུང་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས། མང་ཚོགས་ཁྲོད་དགོན་པ་ཁག་དེ་དག་གི་གནས་བཤད་དང་། དེ་མིན་ཉམས་ཞིབ་པ་ལ་སོགས་ཀྱི་ཆེད་མཁྱེན་རྟོགས་སླད། ཕྱོགས་མཚུངས་ཉམས་ཞིབ་ཀྱི་རྒྱུ་ཆ་ཡོང་ཆེད་གོ་སྒྲིག་གནང་བ་ཞིག་ཡིན་འདུག །
གོང་གི་གཏམ་བཤད་ལས་རིམ་གཟིགས་ཆེད་འདིར་གནོན།