ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༩ ནས་ ༣༠ བར་ཉིན་གྲངས་གཉིས་རིང་སྦེལ་ཀོབ་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ཚེ་རིང་ཆོས་འཛོམས་ལགས་དང་། ཚབ་གསར་དོན་གྲུབ་རྒྱལ་པོ་ལགས་རྣམ་གཉིས་དབར་རྩིས་སྤྲོད་རྩིས་ལེན་གནང་ཡོད།
དེ་ཡང་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཏུ་སྦེང་ལོར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་སྤྲོད་དཔང་གིས་འགན་འཁུར་བཞེས་ཐོག་ཕྱི་ཚེས་ ༢༩ ཉིན་ས་གནས་འགོ་འཛིན་གྱི་བདག་དབང་དུ་ཡོད་པའི་ཡིག་ཆ་དང་། སྒྲིག་གཞི་དེབ། འཛིན་ཆས། དེ་བཞིན་ཁྱབ་ཁོངས་ལས་བྱེད་དང་སྡེ་ཚན་ཁག་གི་ཡིག་ཆ་ཁག ས་གནས་འགོ་འཛིན་ལས་ཤག་གི་འཛིན་ཆས་བཅས་རྩིས་ལེན་རྩིས་སྤྲོད་གནང་ཡོད།
ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ས་གནས་འགོ་འཛིན་གསར་རྙིང་དབར་ཞབས་སྟེགས་བརྗེ་ལེན་གྱི་མཛད་སྒོ་གནང་གྲུབ་མཚམས་རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་རྗེས་ཁྱབ་ཁོངས་དགོན་སྡེ་ཁག་གི་སྐུ་ཚབ་དང་། ས་གནས་རང་བདེན་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་དང་འགན་འཐུས། མཉམ་འབྲེལ་དྲུང་ཆེ། སློབ་གྲྭའི་སློབ་སྤྱི། ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན། གཞིས་མཉམ་གཉིས་ཀྱི་ལས་བྱེད། གྲོང་སྡེའི་སྤྱི་མི། རྒས་གསོ་ཁང་འགན་འཛིན། ས་གནས་གཞོན་ནུ་དང་བུད་མེད་ཚོགས་གཙོ་བཅས་ནས་འཚམས་འདྲིའི་མཇལ་དར་ཕུལ་ཡོད།
གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་ཅོ་ཀུར་གྲོང་སྡེ་གཉིས་ཀྱི་མི་མང་ཚོགས་ཁང་དུ་ས་གནས་འགོ་འཛིན་ངོ་སྤྲོད་དང་འབྲེལ་འཚམས་འདྲིའི་གསུང་བཤད་གནང་ཡོད་པ་བཅས། །