ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྱང་ཨ་རིའི་ས་གནས་བོད་རིགས་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༧ རེས་གཟའ་ཉི་མའི་ཉིན་མགོན་པོ་གང་ཉིད་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་རྒྱ་བརྒྱུད་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་བཀའ་དྲིན་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་མགོན་པོ་གང་ཉིད་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་བཀའ་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། བྱང་ཨ་རིའི་ནང་ཡོད་པའི་བོད་རིགས་དང་ལྷན་དྲ་རྒྱའི་བརྒྱུད་བཀའ་མོལ་ཞུ་རྒྱུའི་རེ་འདུན་གནང་བར་བློ་ལ་བབ་པོ་བྱུང་། གང་ལྟར་ད་ཆ་འཛམ་གླིང་ནད་ཡམས་དང་། དེ་བཞིན་ངོས་རང་ལོ་ན་ཡར་རྒས་ཡོང་དུས་ས་ཐག་རིང་པོ་བསྐྱོད་རྒྱུར་དཀའ་ངལ་འདུག དེར་བརྟེན་རྡ་སར་བསྡད་ནས་དྲ་རྒྱ་བརྒྱུད་འབྲེལ་བ་བྱེད་རྒྱུ་ལས་སླ་པོ་འདུག དེ་རིང་བྱང་ཨ་རིར་ཡོད་པའི་བོད་མི་རྣམས་དང་དྲ་རྒྱ་བརྒྱུད་ཐུག་པ་རེད།
ང་ཚོ་བོད་པ་དང་བོད་གངས་ཅན་ཞེས་པ་ནི་བོད་ཀྱི་རྒྱལ་ཆོས་རྒྱལ་སྲོང་བཙན་སྒམ་པོ་མ་བྱུང་གོང་སོག་པོ་དང་འབྲེལ་བ་ཡོད་པ་འབྲོག་པ་མ་གཏོགས་དེ་ཙམ་མེད། དེ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་ཁྲུང་ས་བསྐྱོན་ཏེ་རྒྱ་ནག་ནས་ལྷ་སར་ཇོ་བོ་གདན་འདྲེན་ཞུས་འདུག གང་ལྟར་རྒྱ་ནག་གོང་མ་དང་ལྷན་གཉེན་སྒྲིག་གིས་འབྲེལ་བ་ཧ་ཅང་ཡོད། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་ལྷན་འཁྲུང་ས་བསྐྱོན་ཏེ་རྒྱ་མིའི་ཁ་ལག་ལ་ཏན་ཏན་མཉེས་པོ་གནང་གི་ཡོད་ནའང་རྒྱ་ཡིག་འདི་ཧ་ཅང་རྙོག་གྲ་ཚ་པོ་ཞིག་ཡིན་པར་ཕལ་ཆེར་གཟིགས་པ་འདྲ་འདུག གང་ལྟར་ལྷ་སའི་ཇོ་བོ་དེ་རྒྱ་ནག་ནས་ཡར་ཕེབས་པ་དང་བོད་ནང་དུ་ནང་ཆོས་ཐོག་མར་རྒྱ་ནག་ནས་དར་ཡོད། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ཡིག་དེ་ཧ་ཅང་རྙོག་གྲ་ཚ་པོ་ཞིག་ཡིན་པར་ཕལ་ཆེར་གཟིགས་ཏེ་བོད་ཡིག་གསར་བཟོ་དང་། རྒྱ་གར་གྱི་ཡི་གེ་ Devanagari ལ་དཔེ་བལྟས་ནས་དབྱངས་དང་གསལ་བྱེད་ལྡན་པའི་བོད་པའི་ཡི་གེ་གསར་གཏོད་གནང་བ་རེད།
དུས་རབས་བརྒྱད་པའི་ནང་བོད་དང་རྒྱ་ནག་དབར་འབྲེལ་བ་དམ་ཟབ་ཡོད་ནའང་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སངས་རྒྱས་པའི་ཆོས་ཞེས་བརྗོད་དུས་རྒྱ་གར་རང་ལ་བློ་གཏད་དེ་རྒྱ་གར་ནང་དེའི་ཚེ་དེའི་དུས་ནང་པའི་རྟེན་གཞི་གཙོ་བོ་ནི་ནཱ་ལེནྡྲ་ཆགས་ཡོད། མཁན་ཆེན་ཞི་བ་འཚོ་ནི་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་རེད། མཁན་ཆེན་ཞི་བ་འཚོ་བོད་དུ་གདན་ཞུ་གནང་བ་རེད། མཁན་ཆེན་ཞི་བ་འཚོས་ཁྱེད་རང་ཚོར་བོད་ཡིག་ཟུར་དུ་འདུག དེར་བརྟེན་ཁྱེད་རང་ཚོས་ལེགས་སྦྱར་དང་རྒྱ་གར་གྱི་སྐད་དེ་འདྲ་བསླབ་དགོས་པ་མ་རེད། ཁྱེད་རང་ཚོར་ཡི་གེ་ཡོད་པར་བརྟེན་ལེགས་སྦྱར་དང་པཱ་ལིའི་གཞུང་རྣམས་བོད་ཡིག་ནང་བསྒྱུར་དགོས་པ་རེད་ཅེས་བཀའ་སློབ་གནང་འདུག མཁན་ཆེན་ཞི་བ་འཚོ་ཁོང་རང་གིས་ཀྱང་བོད་ཡིག་སློབ་རྒྱུར་འབད་བརྩོན་གནང་བ་རེད། ཅེས་ངོས་ཀྱིས་གོ་མྱོང་ཡོད།
བཀའ་འགྱུར་པོ་ཏི་བརྒྱ་ཙམ་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཙམ་ཡོད་པ་དེ་དག་ཚང་མ་གཙོ་བོ་ལེགས་སྦྱར་དང་པཱ་ལིའི་གཞུང་ནས་བསྒྱུར་བ་རེད། འདུལ་བའི་གཞུང་དེ་དག་ཕལ་ཆེར་པཱ་ལིའི་གཞུང་དང་། ལྟ་གྲུབ་དང་ཚད་མའི་སྐོར་དེ་དག་གཙོ་བོ་ལེགས་སྦྱར་གྱི་གཞུང་ནས་ཚུར་བསྒྱུར་བ་རེད། མདོ་དོན་ཡང་སྙིང་མཁན་ཆེན་ཞི་བ་འཚོས་བོད་ཀྱི་སངས་རྒྱས་པའི་ཆོས་འདི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཏག་ཏག་ཡོད་པ་དང་། མཁན་ཆེན་ཞི་བ་འཚོ་ནི་ཚད་མ་བ་རེད། མཁན་ཆེན་ཞི་བ་འཚོས་ཚད་མའི་གཞུང་དང་ཚད་ཆེན་གཞུང་མཛད་པ་རྣམས་ད་ཆ་ང་ཚོས་ལྟ་བཞིན་ཡོད། ཁོང་གིས་ཚད་མའི་གཞུང་ལ་ཐུགས་སྣང་ཧ་ཅང་གནང་འདུག གཞན་ཡང་ལྟ་གྲུབ་སྨྲ་བ་དང་དབུ་མ་རྒྱན་མཛད་དེ་གང་ལྟར་གཞུང་ལུགས་སྨྲ་བ་སྐད་གྲགས་ཆེན་པོ་ཞིག་ཏུ་གྱུར་ཡོད། ཚད་མའི་གཞུང་ལ་དམིགས་བསལ་གྱི་ཐུགས་སྣང་གནང་སྟེ་རིག་པ་སྨྲ་བ་ཞིག་ཀྱང་ཡིན།
ཁོང་གིས་བོད་དུ་སངས་རྒྱས་པའི་ཆོས་འདི་ནཱ་ལེནྡྲའི་ཆོས་བརྒྱུད་དང་དེའི་ནང་ནས་དབུ་མའི་ལྟ་བ་དང་ཚད་མའི་གཞུང་ལ་སློབ་འཁྲིད་གནང་ཡོད། དཔེར་ན། སློབ་དཔོན་ཕྱོགས་གླང་གི་ཚད་མ་ཀུན་བཏུས་དང་སློབ་དཔོན་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་རྒྱ་ཡིག་ནང་བསྒྱུར་མི་འདུག ཕལ་ཆེར་ཕྱོགས་གླང་དང་ཆོས་གྲགས་ཀྱི་གཞུང་རྣམས་རྒྱ་ཡིག་ནང་བསྒྱུར་མེད་པའི་བཟོ་འདྲ་ཞིག་འདུག ང་ཚོ་བོད་ལ་དེ་རིགས་བོད་ཡིག་ནང་བསྒྱུར་བ་ཙམ་མ་ཟད། ཚད་མའི་གཞུང་ལ་སློབ་སྦྱོང་བྱ་རྒྱུའི་ཐད་ཆོས་རྗེ་ས་པཎ་གྱིས་ཐུགས་སྣང་ཆེན་པོ་གནང་བ་དང་། ཕྱིས་སུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་བོད་ཀྱི་སངས་རྒྱས་པའི་ཆོས་ལ་སློབ་གཉེར་བྱེད་རྒྱུར་གལ་ཆེན་པོ་བརྩིས་པར་བརྟེན་རིམ་བཞིན་གདན་ས་གསུམ་གཙོ་བོར་གྱུར་པའི་དགོན་སྡེ་གཙོ་ཆེ་བ་ཁག་གིས་གཞུང་བཀའ་པོད་ལྔ་ཞེས་བརྗོད་དུས་ཚད་མ་དང་། ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་ལ་སློབ་གཉེར་བྱ་རྒྱུའི་གཞུང་གཙོ་བོ་ཆགས་ཀྱི་ཡོད། འཛམ་གླིང་འདིའི་སྟེང་ནཱ་ལེནྡྲའི་ཆོས་བརྒྱུད་དབུ་ཚད་ཟུང་སྦྲེལ་གྱི་ཐོག་ནས་མར་འཁྲིད་རྒྱུ་ཡོད་པ་ནི་ཕལ་ཆེར་བོད་གཅིག་པོ་རེད་འདུག རིམ་པས་བོད་ནང་ཤུགས་ཆེ་དར་བར་བརྟེན་སོག་པོའི་ཡུལ་དུ་ཁྱབ་སྟེ་གཙོ་བོ་༸རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་སོག་ཡུལ་དུ་ཕེབས་ཏེ་ཏཱ་ལའི་བླ་མ་ཞེས་པའི་མཚན་དེ་སྐབས་དེ་དུས་ནས་ཐོགས་པ་ཞིག་རེད། དེར་བརྟེན་སོག་པོ་དང་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད།
སོག་པོའི་དགོན་པ་ཁག་མང་པོ་ཞིག་གིས་ང་ཚོའི་དབུས་གཙང་གི་གདན་ས་ཁག་ནང་བཞིན་གཞུང་ཆེན་དེ་དག་ལ་སློབ་གཉེར་བྱེད་རྒྱུ་བྱུང་ཡོད། དེ་དག་གི་བྱུང་རིམ་མར་ལྟ་ཡོང་དུས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་རྒྱ་གར་ནང་རིམ་བཞིན་ཉམས་ནས་གང་ཡང་མེད། སྔོན་མ་ངོས་རང་རྒྱ་གར་དུ་གནས་སྐོར་ལ་བསྐྱོད་སྐབས་ནཱ་ལེནྡྲར་ཕྱིན་པ་ཡིན། ནཱ་ལེནྡྲའི་གྱང་རོ་མ་གཏོགས་གང་ཡང་མི་འདུག སེམས་སྐྱོ་རྒྱུ་ལྟ་བུ་རེད། ཕར་སླེབས་པའི་སྐབས་ང་ཚོས་དབུ་མ་འཇུག་པ་སྐྱོར་པ་ཡིན། སྔ་མོ་ཡིན་ན་སློབ་གཉེར་ཁང་ཆེན་པོ་ཞིག་ཡིན། འོན་ཀྱང་ད་ཆ་གྱང་རོ་མ་གཏོགས་གང་ཡང་མི་འདུག
ང་ཚོ་བོད་པས་ནཱ་ལེནྡྲའི་ཆོས་བརྒྱུད་དེ་དངོས་གནས་དྲང་གནས་སེམས་པ་རྣམ་དག་གིས་འཛིན་སྐྱོང་སྤེལ་གསུམ་བྱས་འདུག་སྙམ་པའི་སེམས་ནང་སྤོབས་པ་སྐྱེ་ཡི་འདུག ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡིག་གསར་བཟོ་བྱས་པ་དང་དེ་ནས་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་རྒྱ་གར་ནས་གདན་ཞུ་གནང་རྗེས་མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱིས། ཁྱེད་རང་ཚོར་བོད་ཡིག་ཟུར་དུ་ཡོད་སྟབས། གཞུང་རྣམས་བོད་ཡིག་ནང་ཚུར་སྒྱུར་དགོས། ཞེས་གསུངས་པ་ལྟར་བཀའ་འགྱུར་བསྟན་འགྱུར་པོད་སུམ་བརྒྱ་ལྷག་ཙམ་ད་ལྟ་ལྟ་རྒྱུ་ཡོད། ངོས་ཀྱིས་དུས་རྒྱུན་དུ་བཀའ་བསྟན་གྱི་པོད་རྣམས་ཀློག་དེབ་ཡིན་ཞེས་རྗོད་ཀྱི་ཡོད། ཆོས་ཀློག་པ་དང་བཀའ་བསྟན་དག་སྒྲོག་སོགས་ཞབས་བརྟན་བྱེད་རྒྱུ་ཙམ་མིན། དེ་དག་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ཀྱི་མཁས་པ་ཚོས་རྒྱ་གར་མཁས་པའི་གཞུང་རྣམས་རྩ་བར་བཞག་སྟེ་ལེགས་བཤད་བརྩམས་ཡོད།
དེ་སྔ་ང་ཚོ་སོག་པོ་དང་ལྷན་རི་དྭགས་བརྒྱབ་ནས་འགྲོ་མཁན་དེས་རིམ་བཞིན་ནང་པ་སངས་རྒྱས་པའི་ཆོས་ལ་ཐོས་པ་བྱེད་རྒྱུ་དང་། ཐོས་པ་ཁོ་ནར་མ་བཞག་པར་ཐོས་བསམ་སྒོམ་གསུམ་ཟུང་སྦྲེལ་གྱི་ཐོག་ནས་བྱས་པ་བྱུང་ཡོད། སངས་རྒྱས་ཀྱི་བསྟན་པ་ལ་བོད་གངས་ཅན་པས་དངོས་འབྲེལ་ཞབས་འདེགས་ཧ་ལས་པ་བསྒྲུབས་ཡོད། དེང་གི་དུས་སུ་ཤྲི་ལངྒ་དང་། འབར་མ། ཐེ་ལནྜ་སོགས་ལ་པཱ་ལིའི་གཞུང་གི་ཐོག་ནས་སྡེ་སྣོད་གསུམ་ཞེས་ཧ་ཅང་ཡག་པོ་ཡོད་པ་རེད། འོན་ཀྱང་ཚད་མའི་སྐོར་མེད།
ངོས་ཀྱིས་མཚམས་རེ་རྩེད་མོ་དང་འབྲེལ་པཱ་ལིའི་གཞུང་ཁོ་ནར་གཟིགས་མཁན་ཚོས་བཅོམ་ལྡན་འདས་ཀྱི་བཀའ་ཡོད་པ་རེད་ཅེས་ལུང་བགྲང་པ་མ་གཏོགས་དེར་རིགས་པའི་ལམ་ནས་དཔྱད་པ་བྱས་ནས་རིགས་པས་སྒྲུབ་རྒྱུ་མེད། ཅེས་བརྗོད་ཀྱི་ཡོད། ངོས་ཀྱིས་ཐེ་ལནྜ་གྱི་དགེ་སློང་ཁག་གཅིག་ལ་ནང་ཚགས་བྱས་ནས་ཁྱེད་རང་ཚོར་སོ་མེད། དོན་དག་མཁྲེགས་པོ་ཞིག་ཐུག་པ་ཡིན་ན་བལྡད་རྒྱུ་མ་གཏོགས་ཟ་ཐུབ་རྒྱུ་མེད། ང་ཚོ་བོད་ལ་ཚད་མའི་གཞུང་ཡོད་པར་བརྟེན་དོན་དག་མཁྲེགས་པོ་ག་ཚོད་ཡོད་ཀྱང་དེར་དཔྱད་པ་བྱེད་ཡོང་དུས་བཅོམ་ལྡན་འདས་རང་གི་བཀའ་ཞིག་ཡིན་ནའང་འདི་སྒྲ་ཇི་བཞིན་ཁས་བླང་རུང་དང་མི་རུང་དཔྱད་པ་བྱས། བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་བརྟག་དཔྱད་བྱེད་དགོས་གསུངས་པ་ལྟར་ང་ཚོ་དེ་ལྟར་རྗེས་སུ་འབྲང་བཞིན་ཡོད། གཙོ་ཆེ་ཤོས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཀླུ་སྒྲུབ་ཡབ་སྲས་དང་དཔལ་ལྡན་ཟླ་བ་གྲགས་པའི་གཞུང་སོགས་དབུ་ཕར་ཚད་གསུམ་གྱི་གཞུང་དེ་གལ་ཆེན་པོ་བྱས་ནས། དེ་སྔ་བོད་ལ་དགེ་བཤེས་ཤིག་འཇོག་པར་ཕལ་ཆེར་ལོ་ཉི་ཤུ་ནས་སུམ་ཅུ་བར་དཔེ་ཆར་བལྟས་ནས་དེ་དག་གི་རྩ་བ་བློར་བཟུང་། འགྲེལ་བའི་ཚིག་སྣེ་དག་བློར་འཛིན་གྱིན་ཡོད། དཔེར་ན། ངོས་རང་ཆུང་བའི་དུས་ནས་རྒྱན་འཇུག་གཉིས་བློར་བཟུང་བ་ཡིན། དེ་བཞིན་རྣམ་འགྲེལ་ལས་ཀྱང་ཐོར་བུ་སྒྲུག་ནས་བློར་བཟུང་བ་ཡིན། མཛོད་རྩ་བ་བློར་བཟུང་ཡང་ཧ་ཅང་ཕན་པོ་ཞིག་མི་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ། །