ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མུམ་བྷེའི་རྒྱ་གར་གྱི་འཕྲུལ་རིག་མཐོ་རིམ་སློབ་གཉེར་ཁང་ (Indian Institute of Technology (IIT) ཞེས་པའི་ཚོགས་པའི་ལས་འཆར་ཁོངས་སུ་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༥ རེས་གཟའ་མིག་དམར་ཉིན་མགོན་པོ་གང་ཉིད་མཆོག་གིས་དྲ་ལམ་བརྒྱུད་ཤེས་ཡོན་སློབ་གསོའི་སྐོར་ལ་བཀའ་སློབ་སྩལ་དོན། ཐོག་མ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། ངོས་རང་དེ་རིང་ཁྱེད་རང་ཚོ་དང་ལྷན་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། གང་ཡིན་ཞེ་ན། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གོང་ནས་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ལྟ་གྲུབ་དར་ཡོད། ལྟ་གྲུབ་དེ་གཉིས་རྒྱ་གར་གྱིས་ཆེས་ཐོག་མར་གསར་གཏོད་གནང་བ་ཞིག་ཀྱང་ཡིན། ལྟ་གྲུབ་དེ་གཞིར་བཟུང་ལྟ་གྲུབ་གཞན་མང་པོ་ཞིག་བྱུང་ཡོད་པ་དང་། ལྷག་པར་རྒྱ་གར་གྱི་གཞུང་ལུགས་སྨྲ་བ་དང་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་ཉམས་ལེན་གནང་མཁན་མང་དག་ཅིག་གིས་རིག་པའི་ལམ་ནས་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ལྟ་གྲུབ་སྤེལ་ཡོད།
སྤྱིར་ངོས་ཀྱིས་འཛམ་གླིང་གི་ཆོས་ལུགས་ཚང་མར་གུས་བརྩི་བྱེད་ཀྱི་ཡོད། ངོས་ཀྱི་དམ་བཅའ་ནི་ཆོས་ལུགས་ཕན་ཚུལ་དབར་མཐུན་སྒྲིལ་གོང་མཐོར་དང་། ཕན་ཚུན་མཛའ་བརྩེ་གོང་འཕེལ་གཏོང་རྒྱུ་ཡིན་པར་བརྟེན་ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ང་ཚོས་དངོས་ཡོད་གནས་ཚུལ་རྣམས་རིག་པའི་ལམ་ནས་གཏན་ལ་ཕབ་དགོས་ཀྱི་ཡོད་སྟབས་རྒྱ་གར་ནང་ལོ་སྟོང་ཕྲག་གོང་ནས་ཡོད་པའི་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ཉམས་ལེན་དེ་དག་རིག་པ་དང་མཐུན་པའི་ལྟ་གྲུབ་ཞིག་ཆགས་ཀྱི་ཡོད།
དུས་རབས་ཉི་ཤུ་རྩ་གཅིག་ནང་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་དེ་ངེས་པར་དགོས་ཀྱི་ཡོད། གལ་སྲིད་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་མུ་མཐུད་གནས་པ་དང་མང་ཚོགས་ནས་དེའི་ཐད་ཐུགས་སྣང་དང་ཉམས་ལེན་བྱས་ཚེ་འཛམ་གླིང་འདི་བཞིན་ཞི་བདེ་ཅན་ཞིག་ཏུ་གྱུར་རྒྱུའི་རེ་བ་ཏན་ཏན་ཡོད། རྒྱ་གར་ནང་གཙོ་ཆེ་ཤོས་ཆོས་དང་མ་འབྲེལ་བའི་ཐོག་ནས་ཉམས་ལེན་བྱེད་ཀྱི་ཡོད། སྤྱིར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ནི་ཆོས་ནས་བྱུང་བའི་བསླབ་བྱ་ཞིག་ཆགས་ཡོད། འོན་ཀྱང་ཆོས་ཁོ་ན་ཉམས་ལེན་བྱེད་དགོས་པའི་ངེས་པ་མེད། དེའི་ཐོག་ལ་ཡིད་ཆེས་དང་དད་པ་བྱེད་མིན་སོ་སོ་སྒེར་གྱི་རང་དབང་རེད། སྤྱི་ཡོངས་ནས་ང་ཚོར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཟེར་བ་དེ་དགོས་ཀྱི་ཡོད། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ལ་བརྟེན་ནས་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་གོང་འཕེལ་གཏོང་བའི་ཐོག་ཆོས་ལུགས་གཞན་རྣམས་ཀྱང་དེར་མཉམ་ཞུགས་བྱེད་ཐུབ། དེ་རིང་ཁྱེད་རང་ཚོ་དང་ལྷན་བཀའ་མོལ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་ཚོར་དང་སྤོབས་པ་ཆེན་པོ་བྱུང་། ང་ཚོ་བོད་མི་རྣམས་ནི་རྒྱ་གར་གནའ་རབས་རིག་གཞུང་གི་སློབ་མ་དང་རྗེས་འབྲང་བ་ཞིག་ཡིན། ལོ་ངོ་སྟོང་ཕྲག་གོང་ནས་རྒྱ་གར་ནང་ལྟ་གྲུབ་དེ་འདྲ་དར་བར་བརྟེན་རྒྱ་གར་བ་ཁྱེད་རང་ཚོ་ང་ཚོའི་དགེ་རྒན་དང་ང་ཚོ་སློབ་མ་ཆགས་ཀྱི་ཡོད། བོད་མིས་ལྟ་གྲུབ་དེ་རིགས་རྒྱ་གར་འཕགས་པའི་ཡུལ་ནས་སྦྱངས་པ་རེད།
དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་རྒྱལ་པོའི་སྲས་མོ་དང་ཁྲུང་ས་བསྐྱོན་པར་བརྟེན་རྒྱ་ནག་དང་དམིགས་བསལ་འབྲེལ་བ་བྱུང་ཡོད། ནང་ཆོས་དེའང་ཐོག་མ་བོད་དུ་རྒྱ་ནག་ནས་སླེབས་པ་མ་ཟད། བོད་ནང་ཡོངས་གྲགས་ཀྱི་བྱིན་རླབས་ཆེ་ཤོས་སུ་བརྩི་བའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་རྒྱ་ནག་ནས་གདན་དྲངས་པ་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་གོང་མའི་སྲས་མོ་དང་ཁྲུང་ས་བསྐྱོན་ཏེ་འབྲེལ་བ་ཧ་ཅང་ཡག་པོ་ཡོད་ནའང་རྒྱ་ཡིག་འདི་ཧ་ཅང་རྙོག་གྲ་ཚ་པོ་ཞིག་ཡིན་པར་ཕལ་ཆེར་གཟིགས་པ་འདྲ་འདུག ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡིག་གསར་བཟོ་དང་། རྒྱ་གར་གི་ཡི་གེར་དཔེར་བྱས་ནས་དབྱངས་དང་གསལ་བྱེད་བཟོས། དུས་རབས་བརྒྱད་པའི་ནང་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་རྗེས་མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱིས། ཁྱེད་རང་ཚོར་བོད་ཡིག་ཟུར་དུ་ཡོད་སྟབས། ནང་ཆོས་བསླབ་པར་ལེགས་སྦྱར་དང་པཱ་ལིའི་སྐད་སྦྱང་མི་དགོས། བོད་ཡིག་ནང་དཔེ་ཆ་སྒྱུར་ཤོག ཅེས་གསུང་ཡོད།
སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་བཅོམ་ལྡན་འདས་རང་ཉིད་ཀྱིས། ངའི་རྗེས་འབྲང་ཚོས་ང་ལ་དད་པ་བྱས་ནས་ངའི་ཆོས་ལ་ཉམས་སུ་ལེན་མི་དགོས། ངས་བསྟན་པ་འདི་ལ་ཁྱེད་རང་ཚོས་ཞིབ་འཇུག་དང་བརྟག་དཔྱད་བྱས་ནས་རྒྱུ་མཚན་ལྡན་པ་ཞིག་མཐོང་བའི་སྐབས་སུ་ཉམས་ལེན་བྱོས། དད་པ་ཁོ་ནའི་ཐོག་ནས་ཆོས་ཉམས་ལེན་བྱེད་མི་དགོས། ཞེས་བཅོམ་ལྡན་ལྡན་རང་ཉིད་ཀྱིས་འདི་ལྟར་གསུངས་འདུག སངས་རྒྱས་རང་ཉིད་ཀྱིས་ཀྱང་ཞིབ་འཇུག་དང་བརྟག་དཔྱད་བྱེད་དགོས་སྐོར་ལམ་སྟོན་གནང་ཡོད། རྒྱ་གར་གནའ་རབས་རིག་གཞུང་གི་མཁས་དབང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད། ཕྱོགས་གླང་ཆོས་གྲགས། དཔལ་ལྡན་ཟླ་བ་གྲགས་པ། སངས་རྒྱས་བསྐྱངས་ལ་སོགས་པའི་མཁས་པ་ཚང་མས་རིགས་པ་ཁོ་ནའི་དཔྱད་ཞིབ་ཐོག་གསུང་གི་ཡོད། སངས་རྒྱས་རང་ཉིད་ཀྱི་གསུང་ལས། ངས་བསྟན་པ་འདི་ལ་ཁྱེད་རང་ཚོས་ཞིབ་འཇུག་དང་བརྟག་དཔྱད་བྱས་ནས་རྒྱུ་མཚན་ཡང་དག་ཞིག་མི་མཐོང་ཚེ་ངོས་ལེན་བྱེད་མི་དགོས་པར་རང་ཉིད་ལ་ཐོབ་ཐང་ཡོད། དཔེར་ན། མགོན་པོ་ཀླུ་སྒྲུབ་ཀྱིས་སངས་རྒྱས་ཀྱི་གསུང་ཁ་ཤས་ཤིག་ཁས་ལེན་བྱེད་མེད། འདི་ནི་ཧ་ལས་པ་ཡིན།
ཁྱེད་རང་ཚོས་ཆོས་དང་མ་འབྲེལ་བ་འདི་ཉིད་ཤེས་ཡོན་གྱི་སློབ་ཚན་ཞིག་ཡིན་པར་ངོས་ལེན་གྱིས་ཚད་མ་རིག་པ་དང་སེམས་ཁམས་རིག་པའི་ཐོག་སློབ་སྦྱོང་བྱེད་དགོས། ཆོས་ལུགས་ནི་སྒེར་སོ་སོའི་གནད་དོན་ཞིག་ཡིན། འོན་ཀྱང་ཤེས་བྱ་ཡོན་ཏན་ནི་མི་ཚང་མའི་དོན་དུ་ཡིན། བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་གཞི་རྩ་ཡོད་མཁན་རྒྱ་གར་གནའ་རབས་ཀྱི་རིག་གཞུང་དེ་ད་ཆ་འཛམ་གླིང་སྟེང་དགོས་མཁོ་ཆེན་པོ་ཆགས་ཀྱི་ཡོད། ཆོས་ལུགས་སོ་སོར་ལྟ་གྲུབ་མི་འདྲ་བ་ཡོད། འོན་ཀྱང་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་འགྲོ་བ་མི་དང་སྐབས་དོན་འབྲེལ་བ་ཆེན་པོ་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །