ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཨ་རིའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཤེས་བྱ་དང་གོ་རྟོགས་ཀྱི་ལས་གཞི་རྒྱ་ཆེ་སྤེལ་མཁན་ (Article3.org) ཞེས་པའི་ཚོགས་པས་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་མཆོད་དཔོན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་ (Archbishop Desmond Tutu) མཆོག་ལ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ (Human Rights Global Treasure Award) ཕུལ་བར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་འཚམས་འདྲི་སྩལ་དོན། ཐོག་མར་ངོས་ཀྱིས་ཡི་ཤུའི་མཆོད་དཔོན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་མཆོག་ལ་འཚམས་འདྲི་གྲངས་མེད་ཞུ་རྒྱུ་ཡིན། སྐུ་ཉིད་ནི་ངོས་ཀྱི་གུས་བརྩི་ལྡན་པའི་ཡུན་རིང་བློས་ཐུབ་ཀྱི་ཆོས་གྲོགས་ཤིག་དང་མཆོད་དཔོན་རྒན་པ་ཞིག་ཀྱང་ཡིན། དེ་དག་ནི་བཟང་ཕྱོགས་ཀྱི་ངོ་སྤྲོད་ཅིག་ཡིན། དོན་དངོས་སུ་སྐུ་ཉིད་ནི་གང་ཟག་ངོ་མཆར་ཅན་ཞིག་ཡོད་པར་བརྟེན་ངོས་གཉིས་སེམས་ཐག་ཉེ་པོའི་གྲོགས་པོ་གྱུར་ཡོད།
དེ་རིང་སྟེ་ཕྱི་ཚེས་ ༡༠ ཉིན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་མཆོག་ལ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ་བ་དང་། གཞན་ཡང་འདི་ལོར་སྐུ་ཉིད་དགུང་གྲངས་ ༩༠ ལ་ཕེབས་པར་འཚམས་འདྲི་ཡོད། སྐུ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་འགྲོ་བ་མི་རིགས་ཡོངས་ལ་ཕན་པའི་རླབས་ཆེན་གྱི་མཛད་རྗེས་ལ་ངོས་ཀྱིས་ཡི་རང་ཞུ་རྒྱུ་མ་ཟད། ཡི་ཤུའི་ཆོས་ལུགས་ཐོག་ལའང་ལས་དོན་རྒྱ་ཆེ་གནང་བར་བསྔགས་བརྗོད་ཡོད།
སྐུ་ཉིད་དགུང་གྲངས་བརྒྱ་ལྷག་སྐུ་འཚོ་བཞུགས་ཐོག་སྔར་ལྟར་འགྲོ་བའི་དོན་དུ་མུ་མཐུད་ཕན་བདེའི་ཞབས་འདེགས་སྒྲུབ་པའི་རེ་བ་དང་ཡིད་ཆེས་ཡོད། ད་ཆ་སྐུ་ཉིད་དང་ངོས་རང་ལོ་ན་མཐོ་བར་བརྟེན་དངོས་སུ་མཇལ་འཕྲད་དཀའ་ནའང་སེམས་ཀྱི་ཐོག་ནས་དུས་དང་རྣམ་པ་ཀུན་དུ་ཐག་ཉེ་པོ་ཡོད། དེར་བརྟེན་ངོས་ཀྱིས་སྐུ་ཉིད་ལ་སྨོན་འདུན་ཡོད། ཐུགས་རྗེ་ཆེ། ཞེས་བཀའ་སྩལ་འདུག །