ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ལྔ་མཆོད་ཀྱི་དུས་དྲན་སྐབས་མགོན་པོ་གང་ཉིད་༸སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པའི་ཞལ་བཞེས་བཀའ་བཟང་སྩལ་དོན། དེང་སང་བརྙན་འཕྲིན་ནང་ལྷ་སའི་ལོ་རྒྱུས་ཐད་ཀར་སྟོན་མཁན་ཞིག་འདུག ངོས་ཀྱིས་དེ་མཐོང་དུས། སྙིང་རྗེ། བོད་ནང་གི་མི་དེ་ཚོས་ངོས་ལ་ཡིད་ཆེས་དང་དད་པ་ཧ་ཅང་བྱེད་ཀྱི་ཡོད། དེ་དག་གི་བོད་པའི་བླ་སྲོག་གམ་དད་མོས་འཛིན་མཁན་དེ་ངོས་རང་ཆགས་ཡོད་སྟབས། དེ་དག་གི་གདོང་ལ་བསམ་བློ་བཏང་ན། ཚེ་རིང་པོར་སྡོད་དགོས་བྱུང་སོང་བསམ་པ་དང་། བོད་རྒྱ་ཆེ་མི་མང་གི་བློ་འཇོག་ས་དང་། བློ་གཏོད་ས་ཙམ་དུ་མ་ཟད། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་རིག་གཞུང་ལ་ངོས་ཀྱི་མིང་གི་ཐོག་ནས་ཕན་གྱི་ཡོད་པ་རེད།
ང་ཚོ་རྒྱ་གར་ལ་སླེབས་མ་ཐག་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་དེ་ཙམ་མེད་ཀྱང་། འཛམ་གླིང་སྤྱི་ལ་སངས་རྒྱས་ཀྱི་བསྟན་པའི་ཟབ་རྒྱས་ཀྱི་གནད་ལ་གོ་བ་བསླེབས་པར་ངོས་ཀྱིས་ཞབས་འདེགས་གང་ལ་གང་འཚམ་བསྒྲུབས་ཡོད། དེར་བརྟེན་ངོས་ཀྱི་སེམས་ལ་ངོས་རང་མི་ཚེ་ཇི་ཙམ་གྱིས་རིང་པོ་ལོ་བརྒྱ་ཕྲག་བརྒལ་བ་ཞིག་སྡོད་ཐུབ་པ་དང་། ཀཿཐོག་དགེ་རྩེའམ། དགེ་རྩེ་པནྜི་ཏ་ཞེས་༸རྒྱལ་བ་བསྐལ་བཟང་རྒྱ་མཚོའི་སྐབས་ཀྱི་དགེ་རྩེའི་སྤྲུལ་སྐུ་ཞིག་འདུག མཁས་པ་ཡང་ཆེན་པོ་ཞིག་རེད། ཁོང་གིས་ངོས་ཀྱི་ལུང་བསྟན་རེད་ཅེས་ཀཿཐོག་དགེ་རྩེ་ཞིང་གཤེགས་དེས་གསུང་གི་ཡོད་ལ། དེ་ལྟར་ན་ངོས་རང་ལོ་ ༡༡༣ འཚོ་བའི་ལུང་བསྟན་འདུག ངོས་ཀྱིས་སེམས་ཤུགས་བསྐྱེད་ནས་བོད་རྒྱ་ཆེ་མི་མང་གིས་ངོས་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། སྙིང་རྗེ། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་། བོད་ཀྱི་རིག་གཞུང་ཡུན་དུ་གནས་པར་ངོས་རང་ཚེ་རིང་པོར་སྡོད་པར་འབྲེལ་བ་ཆེན་པོ་འདུག་སྟབས། ངོས་ཀྱིས་རྟག་ཏུ་སྨོན་ལམ་རྒྱག་གི་ཡོད། ཁྱོད་ཚོས་ཀྱང་སྨོན་ལམ་རྒྱག་གི་ཡོད་པ་རེད། ང་ཚོ་ཚང་མས་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད་པ་དེ་འདྲ་རེད། ངོས་ཀྱི་ངོས་ནས་ཧུར་ཐག་བྱེད་ཀྱི་ཡོད། ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་ཐུབ་པ་ཕལ་ཆེར་གཏན་འཁེལ་བ་ལྟ་བུ་ཞིག་རེད། ཁྱོད་རང་ཚོས་ཀྱང་སྨོན་ལམ་སྐྱོན་ཞོག་ཅེས་བཀའ་སྩལ། །