ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །དེ་རིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་། བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༡ འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་འདིར། མགོན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་དང་བཅས་ཏེ། གཞིས་བྱེས་བོད་མི་ཡོངས་དང་། བོད་དང་བོད་མིའི་དྲང་བདེན་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གནང་མཁན་གྱི་གཞུང་དང་། གྲོས་ཚོགས། ཚོགས་སྒེར་བཅས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་དུས་དང་རྣམ་པ་ཀུན་ཏུ་འཚེ་མེད་ཞི་བར་ཐུགས་མོས་ཆེན་པོ་གནང་མཁན་ཞིག་ཡིན་པ་ལྟར། བོད་ཀྱི་བདེན་པའི་རྩ་དོན་ཡང་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནའི་ཐོག་ནས་སྒྲུབ་ཐབས་གནང་བ་དང་། འཇིག་རྟེན་ཀུན་ཁྱབ་འགན་ཁུར་ཐོག་ཐུགས་བརྩོན་ཆེ་བསྐྱེད་མཛད་པར་ཆེ་བསྟོད་ཞུ་ཆེད། ཕྱི་ལོ་ ༡༩༨༩ ལོར་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་མི་ལོ་ ༦༡ རིང་འཛམ་གླིང་ཞི་བདེ་དང་སྐྱེ་འགྲོ་སྤྱི་ལ་བདེ་སྐྱིད་བསྐྲུན་ཆེད་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་དང་། ཆོས་དད་ཡོད་མེད་ཀུན་གྱིས་ཉམས་ལེན་བྱེད་ཐུབ་པའི་བྱམས་པ་དང་། སྙིང་རྗེ། བཟོད་བསྲན། གཞན་ཕན་སོགས་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་མཛད་དང་མཛད་བཞིན་པ་ལ་བརྟེན་ནས། ད་ཆ་འཛམ་གླིང་ནང་འཚེ་བ་མེད་པ་དང་བྱམས་བརྩེ་ཞེས་ཐོས་མ་ཐག་ྋགོང་ས་མཆོག་གི་ཞལ་རས་ཡིད་ལ་ལྷམ་མེར་འཆར་བ་ཞིག་ཆགས་ཡོད་ཅིང་། ༸གོང་ས་མཆོག་གི་མཛད་འཕྲིན་དེ་དག་ལ་བརྟེན་ནས་བོད་ཀྱི་བདེན་དོན་ལ་རྒྱལ་སྤྱིའི་ངོས་འཛིན་དང་རྒྱབ་སྐྱོར་ཡོད་པ་ཞིག་ཆགས་ཡོད།
དེ་བཞིན་༸མགོན་པོ་མཆོག་གིས་འཛམ་གླིང་ནང་གི་ཆོས་ལུགས་ཕལ་ཆེ་བའི་ལྟ་གྲུབ་ཐད་ལ་ཁྱད་པར་ཡོད་ཀྱང་གཞི་རྩའི་བསླབ་བྱ་བྱམས་པ་དང་བརྩེ་བ་སོགས་ཀྱི་སྒོ་ནས་གཞན་ལ་ཕན་བདེ་སྒྲུབ་མཁན་གཅིག་མཚུངས་ཡིན་པའི་ཆ་ནས་ཆོས་ལུགས་ནང་ཁུལ་མཐུན་འབྲེལ་བྱེད་དགོས་པའི་ལམ་སྟོན་མཛད་པ་དང་སྦྲགས། ཆོས་ལུགས་གཞན་ལ་ཞལ་ཞེ་གཉིས་མེད་ཀྱིས་གུས་བཀུར་མཛད་བཞིན་ཡོད། དེ་ལ་བརྟེན་ནས་ད་ཆ་ཆོས་ལུགས་གཞན་གྱི་དབུ་འཁྲིད་ཚོས་ཀྱང་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་བཞིན་ཡོད་པ་སོགས་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་གོང་སྤེལ་ཐོག་ཕན་ཐོགས་ཆེན་པོ་བྱུང་ཡོད། གཞན་ཡང་༸མགོན་པོ་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་ལྟ་གྲུབ་རྣམས་སླར་གསོ་དགོས་གལ་ཆེ་གཟིགས་ཀྱིས་རྒྱ་གར་གྱི་སྤྱི་ཚོགས་དང་མི་རབས་གཞོན་པ་རྣམས་ལ་གནའ་བོའི་གཞུང་ལུགས་དང་ལྟ་གྲུབ་དེ་དག་ལ་སློབ་སྦྱོང་དང་ཉམས་ལེན་དགོས་པའི་ལམ་སྟོན་རྒྱ་ཆེ་མཛད་བཞིན་ཡོད།
གཞན་ཡང་དེ་རིང་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའང་ཡིན་པ་བཞིན། འཛམ་གླིང་ཡུལ་གྲུ་ཕལ་མོ་ཆེར་སྨྲ་བརྗོད་དང་ཆོས་དད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྣམས་ལོངས་སུ་སྤྱོད་བཞིན་ཡོད་ནའང་། བོད་ནང་བོད་མི་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་ཀྱི་ཐོག་ལ་ཉམས་པ་སླར་གསོ་མི་ཉམས་རྒྱུན་འཛིན་གྱི་ལས་དོན་སྤེལ་བ་དང་མངོན་འདོད་བཏོན་པ་ཙམ་གྱིས་རྡུང་རྡེག་དང་བཙོན་འཇུག་སོགས་བྱེད་བཞིན་ཡོད། བྱེད་བབས་དེ་དག་ནི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བ་ཞིག་ཡིན་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་དང་འགལ་བ་ཞིག་ཆགས་ཡོད།
རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་སོགས་རྡོག་རོལ་བཏང་ནས་དྲག་གནོན་ཇི་ཙམ་བྱས་ཀྱང་གཞིས་བཞུགས་བོད་མི་ཚོས་བོད་དོན་བདེན་མཐའ་གསལ་ཐབས་སུ་ད་བར་ཞི་བའི་ངོ་རྒོལ་མུ་མཐུད་གནང་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་བོད་མི་ ༡༥༤ ཡིས་རང་ལུས་མེར་སྲེག་བཏང་སྟེ་ཞི་བའི་ངོ་རྒོལ་གནང་ཡོད། ཞི་རྒོལ་དེ་དག་གི་རྒྱུ་རྐྱེན་ནི། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ཀྱི་གཞི་རྩའི་རང་དབང་ཐོག་བསམ་གཞིགས་རྩ་བ་ནས་མེད་པར་མཁྲེགས་འཛིན་དང་དྲག་གནོན་ཁོ་ནའི་སྒོ་ནས་ཉེས་མེད་བཙོན་འཇུག་དང་རྡུང་རྡེག་སོགས་བྱས་པ་ལ་བརྟེན་ནས་འུ་ཐུག་ཐབས་ཟད་ཀྱིས་རང་གི་ལུས་སྲོག་བློས་བཏང་གནང་ཡོད་པ་རེད།
རྒྱ་ནག་གཞུང་གིས་ད་བར་དུ་བོད་མིའི་མངོན་འདོད་སྟོན་པའི་ཞི་རྒོལ་དེ་དག་ཐད་ལ་དམ་བསྒྲགས་ཇེ་ཆེར་བཏང་བ་ལ་བརྟེན་ནས། གནས་ཚུལ་མང་པོ་ཤེས་རྟོགས་དཀའ་ནའང་ཉེ་ཆར་གནས་ཚུལ་ཐོན་གསལ་ལྟར། ཕྱི་ལོ་ ༢༠༡༩ ཟླ་ ༣ པའི་ནང་འབྲི་རུ་རྫོང་གི་གླུ་པ་ལྷུན་གྲུབ་གྲགས་པ་ལགས་ཀྱིས། ཞྭ་མོ་ནག་པོ། ཞེས་པའི་གླུ་གཞས་ནང་བོད་མིར་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་ཆེ་ཞིང་། སོ་སོའི་སྐད་ཡིག་བཀོལ་སྤྱོད་ཀྱི་རང་དབང་བྲལ་ནས་བོད་སྐད་བརྗེད་ཉེན་བཅས་ཀྱི་གནད་དོན་བརྗོད་པ་ལ་ལོ་དྲུག་གི་དུས་བཀག་བཙོན་འཇུག་ཁྲིམས་ཆད་ཕོག་ཡོད། ཡང་ཉེ་ཆར་གནས་ཚུལ་འབྱོར་གསལ་ལྟར། རྔ་པ་རྫོང་དཀར་ཤུལ་སྡེ་པ་ནས་ཡིན་པའི་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཉེན་རྟོག་པས་བོད་དོན་ཆབ་སྲིད་ལ་འབྲེལ་བ་ཡོད་པར་བསྙད་ནས་འཛིན་བཟུང་བྱས་ཡོད། དེ་བཞིན་ཉིན་ཤས་སྔོན་ལ་རེབ་ཀོང་ནས་ཡིན་པའི་བོད་ནང་གི་སྙན་ངག་པ་གྲགས་ཅན་རོང་པོ་དགེ་འདུན་ལྷུན་གྲུབ་ལགས་རྒྱ་ནག་གཞུང་གིས་རྒྱུ་མཚན་གང་ཡིན་མ་བཤད་པར་གློ་བུར་དུ་འཛིན་བཟུང་བྱས་ཡོད་ཅིང་། ད་ལྟའི་ཆར་ཁོང་གི་སྐད་འཕྲིན་རྒྱབ་ལྗོངས་ཀྱི་གནས་ཚུལ་ཚང་མ་ལྟ་ཀློག་མ་ཐུབ་པ་ཞིག་ཆགས་ཡོད། གོང་གི་གནས་ཚུལ་དེ་དག་གི་ཐོག་ནས་བོད་ལ་རང་དབང་ཇི་ཙམ་ཡོད་མེད་ཀུན་གྱིས་མཁྱེན་ཐུབ།
དེང་གི་ཆར་རྒྱ་ནག་གཞུང་གིས་བོད་ནང་དབུལ་ཕོངས་ངལ་སེལ་ལས་གཞིར་ཁ་གཡར་ནས་དོན་དངོས་ཐོག་བཙན་དབང་གིས་བོད་མི་རྣམས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད། གནས་ཚུལ་དེ་དང་འབྲེལ་ནས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཡོད་པའི་ཇམ་སི་ཊ་ཨོན་ཐེབས་རྩ་ཞེས་པའི་ཉམས་ཞིབ་ཁང་གིས་འདི་ལོའི་ཟླ་ ༩ ཚེས་ ༢༢ ཉིན་བོད་ནང་རྒྱ་ནག་གཞུང་གིས་བོད་མི་འབུམ་ལྔ་ལྷག་བཙན་དབང་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་པའི་ཉམས་ཞིབ་སྙན་ཐོ་ཞིག་བཏོན་ཡོད་པ་དང་། དེ་རྗེས་རྒྱ་ནག་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་ཚོགས་པའི་འཐུས་མི་ ༦༣ ནས་རྒྱ་ནག་གཞུང་གིས་བོད་མི་འབུམ་ལྔ་ཙམ་བཙན་དབང་གིས་ངལ་རྩོལ་བྱེད་བཅུག་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་བདེན་པའི་བསྒྲགས་གཏམ་སྤེལ་ཡོད།
མདོར་ན། བོད་ནང་སྨྲ་བརྗོད་དང་ཆོས་དད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་མེད་པ་གསལ་པོ་ཡིན་ཞིང་། དེ་མཚུངས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་། རང་དབང་ཁང་པ་སོགས་ཀྱིས་ཀྱང་བོད་ནང་རང་དབང་ཚད་དམའ་ཤོས་གཉིས་པ་ཡིན་པ་སོགས་ཀྱི་བདེན་པའི་སྙན་ཐོ་རིམ་པ་བཏོན་ཡོད་པ་མ་ཟད། འདི་ལོ་ཟླ་ ༡༠ ཚེས་ ༦ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཡོངས་ཐོག་བགྲོ་གླེང་འཚོག་པའི་སྐབས་སུ་རྒྱ་ནག་གཞུང་གིས་བོད་དང་། ཤར་ཏུརྐི་སྟཱན། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་རྒྱལ་ཁབ་ ༣༩ ཡི་མཉམ་འབྲེལ་ཐོག་མཚན་རྟགས་བཀོད་པའི་ངོ་རྒོལ་བསྒྲགས་གཏམ་ཞིག་སྤེལ་ཡོད།
འདི་ལོ་ཟླ་ ༡༠ ཚེས་ ༢༤ ཉིན་འཛམ་གླིང་གི་རྒྱལ་ཁབ་ལྔ་བཅུ་ཐམ་པས་རྡུལ་ཕྲན་གོ་མཚོན་བཀག་སྡོམ་གྱི་ཆིངས་ཡིག་བཞག་སྟེ། རྒྱལ་སྤྱིའི་ཁྲིམས་ཡིག་ཏུ་གཏན་འབེབས་ཀྱིས་ལོ་རྗེས་མའི་ཟླ་ ༡ ཚེས་ ༢༢ ནས་ལག་བསྟར་བྱེད་འཆར་ཡོད་པ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡུལ་ཕྲན་གོ་མཚོན་བཀག་སྡོམ་དགོས་པའི་དགོངས་ཚུལ་ཤུགས་ཆེ་འཛིན་མཁན་ཞིག་ཡིན་སྟབས་བཟང་ཕྱོགས་ཀྱི་གོམ་སྟབས་དེར་ཐུགས་དགྱེས་ཚོར་ཆེན་པོས། འདི་ནི་ལོ་རྒྱུས་རང་བཞིན་ལྡན་པ་དང་འབྱུང་འགྱུར་འགྲོ་བ་མི་རྣམས་ལ་ཞི་བདེ་ལྷིང་འཇགས་ཡོང་བའི་མངོན་རྟགས་བཟང་པོ་ཞིག་དང་། ལེགས་ཉེས་རྣམ་དཔྱོད་ཕུལ་དུ་བྱུང་བའི་སྒོ་ནས་དཀའ་རྙོག་རྣམས་སེལ་ཐབས་སུ་དམིགས་པའི་བཟང་ཕྱོགས་ཀྱི་གོམ་སྟབས་ཆེན་པོ་ཞིག་ཡིན། ཞེས་སོགས་འཁོད་པའི་དགའ་བསུའི་གསུང་འཕྲིན་སྩལ་ཡོད་པ་ལྟར། ང་ཚོས་ཀྱང་གལ་ཆེའི་གོམ་སྟབས་དེར་དགའ་བསུ་ཞུ་རྒྱུ་ཡིན།
ད་ཆ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ འཛམ་གླིང་ཡོངས་ལ་ཁྱབ་ནས་ལོ་འཁོར་ལ་ཉེ་ཞིང་། རྒྱ་ནག་གིས་ཕྱི་གསལ་ནང་གསལ་མ་བྱས་པ་ལ་བརྟེན་ནས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གྲངས་ཐོ་ལྟར་ན། ད་ལྟའི་ཆར་འཛམ་གླིང་ནང་མི་ས་ཡ་ ༦༥ ལྷག་ལ་ནད་ཡམས་དེ་ཕོག་པ་མ་ཟད། ས་ཡ་ ༡་༥ ལྷག་འདས་གྲོངས་སུ་གྱུར་པ་དང་འཚོ་བ་སོགས་ཀྱི་ཐད་ལ་དཀའ་ངལ་མང་པོ་འཕྲད་བཞིན་ཡོད། དེ་ལ་བརྟེན་ནས་རྒྱལ་ཁབ་མང་པོས་རྒྱ་ནག་ལ་ཡིད་ཆེས་བརླགས་ཡོད་པ་ཨ་རིར་ཡོད་པའི་པིའུ་ཉམས་ཞིབ་ལྟེ་གནས་ཁང་གི་སྙན་ཐོའི་ནང་གསལ་ཡོད། གལ་ཏེ་རྒྱའི་དཔོན་རིགས་ཚོས་འཛམ་གླིང་མི་མང་གིས་ཡིད་ཆེས་འཕེར་བ་ཞིག་དགོས་ན། རང་གི་ལངས་ཕྱོགས་ལ་དུས་དང་མཐུན་པའི་འགྱུར་བ་གཏོང་དགོས།
ནད་ཡམས་དེའི་རྐྱེན་པས་འདས་གྲོངས་སོང་བ་ཡོངས་ལ་སྨོན་ལམ་དང་། ཤུལ་ལུས་ནང་མི་ལྟོས་བཅས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་མི་རྒྱུ་གཉིས་ཀྱི་ཐོག་ནས་དཀའ་ངལ་སེལ་ཐབས་གང་ནུས་ཞུས་དང་ཞུ་བཞིན་པ་དང་། མི་མང་ངོས་ནས་ཀྱང་ཕྱར་གྲུ་མཉམ་འདེགས་གང་ལེགས་བྱུང་ཡོད། ད་དུང་ནད་ཡམས་སྔོན་འགོག་ཆེད་ཁ་རས་གྱོན་རྒྱུས་གཙོས་པའི་ཡོངས་ཁྱབ་ལམ་སྟོན་ཁག་ཚང་མས་རང་དོན་རང་གཅེས་ཀྱིས་ཡིད་གཟབ་ངེས་པར་དུ་གནང་དགོས།
ཉེ་ལམ་ཁེ་ན་ཌའི་ཨོན་ཊེ་རིའོ་མངའ་སྡེའི་གྲོས་ཚོགས་འཐུས་མི་བུ་འཁྲིད་ལ་དཀར་པོ་ཆེ་ལགས་ཀྱིས་ཨོན་ཊེ་རིའོ་མངའ་སྡེའི་གྲོས་ཚོགས་སུ་ལོ་རེའི་ཕྱི་ཟླ་བདུན་པ་དེ་ཉིད་བོད་ཀྱི་རིག་གཞུང་གི་ཟླ་བར་ངོས་འཛིན་གནང་དགོས་པའི་ཁྲིམས་འཆར་བཏོན་གནང་བ་བཞིན་སྤྱི་མོས་ཐོག་ཁྲིམས་སུ་གཏན་འབེབས་གནང་བ་དང་། ཟླ་ ༡༠ པའི་ནང་ཨ་རིའི་གཞུང་གིས་སྐུ་ཞབས་རོ་བྷཊ་ ཨེ་ ཌེས་ཊི་རོ་མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བ། ཟླ་ ༡༡ ནང་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཆོད་བཞག་གནང་བ་བཅས་ལ་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་རིའི་བདམས་ཐོན་སྲིད་འཛིན་གྱི་སྲིད་གཞུང་ནས་ཀྱང་བོད་ཀྱི་བདེན་པའི་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་གནང་བའི་རེ་བ་དང་ཡིད་ཆེས་ཡོད་ཅིང་། དེ་ལྟར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན།
ཉེ་སྔོན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་གྱི་སྤྱི་མོས་གྲོས་ཆོད་བཞག་ཡོད་པའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་གཉིས་སྨན་དབུ་མའི་ལམ་ལ་རྒྱབ་གཉེར་བརྟན་པོ་གནང་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་ཞི་བདེ་དང་འཚེ་བ་མེད་པའི་དགོངས་གཞི་ཁག་ལ་གུས་བཀུར་ཆེ་བསྟོད་ཞུས་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཨ་རིའི་ཕོ་བྲང་དཀར་པོ་སོ་སོའི་ནང་དུ་མགྲོན་འབོད་གནང་བ་དང་འབྲེལ། གསར་དུ་བསྐོ་གཞག་བྱུང་བའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་། སྲིད་འཛིན་དང་སྲིད་འཛིན་གཞོན་པའི་ལས་ཁུངས་ཀྱི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་ནི་ལོ་རྒྱུས་རང་བཞིན་ཅན་གྱི་འགྱུར་འགྲོས་ཤིག་ཆགས་ཡོད།
ང་ཚོའི་ངོས་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ ཉིན་བོད་རྒྱའི་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ <བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་> དང་། ཕྱི་ལོ་ ༢༠༡༠ ལོར་བསམ་འཆར་གྱི་འགྲེལ་བརྗོད་བཅས་ཕུལ་ཟིན་པ་བཞིན། ང་ཚོའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བྱས་དང་བྱེད་བཞིན་པའི་ཐོག་ནས་འབྲེལ་མོལ་ཞུ་རྒྱུར་གྲ་སྒྲིག་ཨང་གསར་ཡོད་ལ། རྒྱ་ནག་གཞུང་ནས་ཀྱང་ཡ་ལན་ངེས་པར་དུ་གནང་དགོས།
ད་རེས་ཀྱི་གོ་སྐབས་འདི་བརྒྱུད་རྒྱ་གར་དབུས་སའི་གཞུང་མང་གཉིས་ཀྱིས་གཙོས་པའི་རྒྱལ་སྤྱི་ཁྱོན་ཡོངས་ནས་བོད་ཀྱི་ལོ་རྒྱུས་ཐོག་ཆེས་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་བོད་མི་རིགས་ལ་མཐུན་འགྱུར་རོགས་རམ་དང་། བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གནང་བར་སྙིང་དབུས་ནས་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་དང་། སླད་ནས་ཀྱང་བདེན་པའི་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་རེེ་སྐུལ་ནན་ཏན་ཞུ་རྒྱུ་ཡིན།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱིས་ཞི་བདེའི་དཔལ་ཡོན་ལ་ལོངས་སུ་སྤྱོད་ཐུབ་པ། གཞིས་བྱེས་བོད་མི་མཉམ་འཛོམས་ཐོག་སྐལ་བཟང་གི་ཉི་མ་མྱུར་དུ་འཆར་བ་བཅས་ཀྱི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བཀའ་ཤག་གིས། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ལ།། །།