ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༤ རེས་གཟའ་པ་སངས།
༄༅། །རྒྱ་གར་མཧཱ་ར་ཤི་ཀྲ་མངའ་སྡེའི་གཞི་རིམ་སློབ་གྲྭའི་དགེ་རྒན་སྐུ་ཞབས་རན་ཇིཏ་སིངྒ་དི་སཱ་ལེ་ (Ranjitsinh Disale) ལགས་ལ་འཛམ་གླིང་གི་ཁྱད་དུ་འཕགས་པའི་དགེ་རྒན་གྱི་མཚན་གནས་གཟེངས་རྟགས་ཐོབ་པར། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༤ རེས་གཟའ་པ་སངས་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ཁོང་ལ་འཚམས་འདྲི་སྩལ་དོན། སྐུ་ཉིད་མཆོག་ལ་འཛམ་གླིང་གི་ཁྱད་དུ་འཕགས་པའི་དགེ་རྒན་གྱི་མཚན་གནས་ཐོབ་པར་འཚམས་འདྲི་གྲངས་མེད་དང་སྦྲགས་སྐུ་ཉིད་མཆོག་གིས་བྱ་དགའི་དངུལ་དེ་བཞིན་ཨང་རིམ་གཉིས་པ་ཐོབ་མཁན་དང་ལྷན་དུ་བགོ་བགྲེམས་གནང་བར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། སློབ་ཕྲུག་སྤྱི་དང་། ལྷག་པར་དགོས་མཁོ་ཅན་གྱི་ཕྲུ་གུ་རྣམས་ལ་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་གནང་བའི་རོགས་རམ་དེས་འཛམ་གླིང་བཟང་ཕྱོགས་སུ་བསྒྱུར་བ་གཏོང་ཐབས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཀྱི་ཡོད།
མཐུན་རྐྱེན་ཞན་པའི་བུ་མོ་རྣམས་སློབ་གྲྭ་འགྲོ་རྒྱུའི་གོ་སྐབས་དང་། དེ་བཞིན་སློབ་གཉེར་བ་དེ་དག་གི་སྐད་ཡིག་ཐོག་རྒྱུ་ཆ་གྲ་སྒྲིག་གནང་བ་དང་། ཕྱོགས་མཚུངས་རྒྱལ་ཁབ་ ༨༣ ནང་ཡོད་པའི་སློབ་ཕྲུག་མང་དག་ཅིག་ལ་དྲ་ཐོག་ནས་ཚན་རིག་སློབ་ཚན་སློབ་ཁྲིད་བྱེད་པ་དང་། སྐུ་ཉིད་ཀྱི་འཆར་གཞི་དེས་རྙོག་གླེང་གི་འོག་ཡོད་པའི་ས་གནས་ཀྱི་གཞོན་སྐྱེས་དང་ལྷན་འབྲེལ་ལམ་བཟང་པོ་བཟོས་པ་ནི་བྱམས་སྙིང་རྗེ་དངོས་སུ་ལག་བསྟར་བྱས་པའི་མང་ཚོགས་ཁྲོད་མིག་དཔེ་བཟང་པོ་ཞིག་ཡིན་པ་མཚོན་ཐུབ།
སྐུ་ཉིད་ཀྱིས་ང་ཚོ་ཚང་མས་མཉམ་རུབ་ཐོག་འཛམ་གླིང་བཟང་ཕྱོགས་སུ་བསྒྱུར་བ་གཏོང་ཐུབ། ཞེས་པ་ནི་དངོས་ཡོད་རེད། སྐུ་ཉིད་ཀྱི་བཟང་ཕྱོགས་ཀྱི་ལས་དོན་དེས་གཞོན་སྐྱེད་ཁྲོད་སེམས་འགུལ་ཐེབས་ངེས་རེད། ཅེས་དང་།
མཐར་སྐུ་ཉིད་མཆོག་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བར་སྨོན་འདུན་ཡོད། ཅེས་འཁོད། །
གསུང་འཕྲིན་ངོ་མ་ཨིན་ཡིག་ནས་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས། ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།