ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ ༣༡ ཧྲིལ་པོ་འཁོར་བའི་དུས་དྲན་དྲ་རྒྱ་བརྒྱུད་སྲུང་བརྩི་ཞུ་གཏན་འཁེལ་ཡོད། ཉིན་དེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་འཁེལ་ཡོད།
དེ་ཡང་དུས་དྲན་སྲུང་བརྩི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་ (Robert A. Destro) མཆོག ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊེཌ་ཡོ་ཧོ་ (Ted Yoho) མཆོག ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨན་ཌེ་ལི་ཝིན་( Andy Levin) མཆོག ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཇོ་ཌི་ཝིལེ་ཡེམ་སི་ (Jody Williams) མཆོག ཐེ་ཝན་གྱི་ཨ་རི་གཞུང་ཚབ་ཆེན་མོ་པི་ཀིམ་ (Hsiao Bi Kyim) མཆོག ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཊིམ་ཨུ་པལ (Tim Uppal) མཆོག་བཅས་མཉམ་ཞུགས་ཀྱིས་གསུང་བཤད་གནང་གཏན་འཁེལ་ཡོད།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་གཙོ་སྐྱོང་དང་། ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་གནང་རྒྱུ་ཡིན་པ་བཅས།།