ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྐྱབས་རྗེ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་བཀའ་སློབ་གནང་བའི་སྙིང་དོན། སྤྱིར་བྱམས་བརྩེ་ནི་སྲོག་ཆགས་ཚང་མའི་གཤིས་རྒྱུད་ལ་ཡོད་ཅེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཡང་ཡང་ཕེབས་བཞིན་ཡོད། མི་ནི་སྲོག་ཆགས་ཡོངས་ཀྱི་ནང་ནས་རིག་པ་ཚད་མཐོ་ཤོས་ཡིན་སྟབས། སྲོག་ཆགས་གཞན་ལས་ལྷག་པའི་བྱམས་སེམས་དགོས།
འཛམ་གླིང་ནང་ཆོས་ལུགས་མང་དག་ཅིག་ཡོད། དེང་སྐབས་འཛམ་གླིང་འདི་སྔར་དང་མི་འདྲ་བ་གྲོང་པ་ཁྱིམ་མཚེས་ལྟ་བུ་ཆགས་ཏེ་ཕར་ཚུར་འགྲོ་བསྐྱོད་སྟབས་བདེ་པོ་ཡོད་པར་བརྟེན། ཆོས་ལུགས་ཀྱི་མི་སྣ་ཐུག་པའི་སྐབས་ཕར་ཕྱོགས་ཀྱི་ཆོས་ལུགས་ཀྱི་གནས་སྟངས་ཡག་པོ་མ་ཤེས་པ་ཡིན་ན། སྐད་ཆ་ཤོད་པའི་སྐབས་གོ་ནོར་ཐེབས་ནས་ཆོས་ལུགས་མཐུན་སྒྲིལ་ཡོང་རྒྱུའི་ཚབ་ལ་འགལ་ཟླ་ཆགས་པའི་གནས་ཚུལ་ཡང་ཡོང་སྲིད་པ་རེད། དེར་བརྟེན་ཆོས་ལུགས་གཞན་གྱི་ཡིག་ཆ་ཁག་ཆ་ཚང་མ་བྱུང་ནའང་གལ་ཆེ་བ་ཁག་མ་ཤེས་རང་ཤེས་རེད། ངས་འབྲེལ་ཡོད་ལས་ཁུངས་ཁག་ལ་ཕྱོགས་བསྒྲིགས་གནང་རོགས་ཞེས་རེ་སྐུལ་ཞུས་མྱོང་། འོན་ཀྱང་དངོས་སུ་ལས་ཀ་བྱེད་པའི་སྐབས་ཕྲན་བུ་ཁག་པོ་ཡོང་གི་ཡོད་པར་བརྟེན་ངའི་ངོ་ཤེས་པ་ཕྱི་རྒྱལ་བ་དེ་འདྲ་ཡིས་རུབ་རུབ་བཟོས་ཏེ་བོད་ཡིག་ཐོག་བསྒྱུར་ནས་དེང་སྐབས་བཀའ་བརྒྱུད་མཐོ་སློབ་ཀྱི་སློབ་ཚན་ནང་བཞག་ཡོད། དེའི་དམིགས་ཡུལ་གཙོ་བོ་ནི། དེ་དག་ཤེས་པའི་ཐོག་མ་འོངས་པར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་བའི་སྐབས་རོབ་ཙམ་ཤེས་པ་ཡིན་ན། ཆོས་ལིུགས་མཐུན་སྒྲིལ་ཡོང་རྒྱུན་ཕན་ཐོགས་ཀྱི་རེད།
བོད་བརྒྱུད་ནང་བསྟན་ཐོག་ནས་ཞུས་པ་ཡིན་ནའང་ཕན་ཚུན་གྱི་ཡིག་ཆ་ལྟ་རྒྱུ་གལ་ཆེན་པོ་རེད་འདུག ང་ཚོའི་ཆོས་ལུགས་ནང་མཐུན་སྒྲིལ་མ་ཡོང་བའི་རྩ་བ་ནི། རང་ལུགས་དང་གཞན་ལུགས་ཞེས་བཟོས་ནས་རང་ལུགས་གཅིག་པུ་བལྟས་གཞན་ལུགས་ལ་དགག་པ་བརྒྱབ་ལྟ་བུའི་སྲོལ་ངན་པ་ཞིག་ཆགས་ཡོད། རང་ལུགས་ཁོ་ན་ལྟ་མཁན་ནི་ཁྲོམ་པའི་སྦལ་པ་ནང་བཞིན་རེད། དེང་གི་དུས་སུ་འདི་འགྲིག་གི་མེད། ཆོས་ལུགས་གཞན་གྱི་ཡིག་ཆ་ཁག་ལ་ངེས་པར་དུ་གཟིགས་དགོས།
དེང་སྐབས་ཁོར་ཡུག་ནི་འཛམ་གླིང་གི་གནད་དོན་གལ་ཆེན་པོ་ཞིག་ཆགས་ཡོད་པ་མ་ཟད། འཛམ་གླིང་གི་ཚ་དྲོད་རྒྱས་པ་ལ་བརྟེན་ནས་དཀའ་ངལ་འཕྲད་བཞིན་ཡོད། ནང་པས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་འདི་ཆོས་ཉམས་ལེན་བྱེད་པ་ལྟར་སེམས་ཅན་ཐམས་ཅད་ལ་ཕན་པའི་ཀུན་སློང་དང་བཅས་བྱེད་ཐུབ་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོད། དེ་བཞིན་ཁོར་ཡུག་གཙང་སྦྲ་དང་། གད་སྙིགས་རིགས་ས་ཆ་གང་སར་མ་གཡུགས་པ། ཁོར་ཡུག་ལ་དོ་སྣང་དང་སྲུང་སྐྱོབ་དགོས་རྒྱུ་གལ་ཆེན་པོ་རེད། ཕྱོགས་མཚུངས་ཆུ་བདག་གཉེར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །