ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །འགྲོ་བ་མིའི་ཐོབ་ཐང་ཐེངས་ ༧༢ ཉིན་མོ་སྲུང་བརྩི་དང་སྦྲགས་སུད་སིའི་སྐུ་ཚབ་དོན་གཅོད་ཁང་དང་ཨི་ཊ་ལི་བོད་རིགས་སྤྱི་མཐུན་ཚོགས་པ། ཨི་ཊ་ལི་བོད་རིགས་མཐུན་ཚོགས་བཅས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༨ ཉིན་རྒྱ་གར་ནང་གི་དགོང་དྲོ་ཆུ་ཚོད་ ༧།༣༠ ནས་ ༩ བར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དང་རྒྱ་སྐྱེད་རིང་ལུགས་པའི་འཆར་གཞི་ (China’s Human Rights Violations and Expansionist Agenda) ཞེས་པའི་བརྗོད་གཞིའི་ཐོག་དྲ་རྒྱ་བརྒྱུད་བགྲོ་གླེང་འཚོགས་གཏན་འཁེལ་ཡོད།
དེ་ཡང་བགྲོ་གླེང་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཨི་ཊ་ལིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ (Mr. Roberto Rampi) མཆོག ཨི་ཌ་ལིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལུ་སེའོ་མ་ལན་ (Lucio Malan) མཆོག གྲོས་ཚོགས་འོག་མའི་སྐུ་ཚབ་ (Mr. Matteo Luigi Bianchi) མཆོག ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་དང་ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་འགན་འཛིན་སྐུ་ཞབས་ནོ་བྷི་ལི་ (Nobili Luciano ) མཆོག ཨི་ཊ་ལིའི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་གྷི་ལིའོ་ཊར་ཛི་ (Guilio Terzi) མཆོག རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ཀྱི་ཞུ་གཏུག་འགན་འཛིན་ཛུམ་རེ་ཊེ་ཨར་ཀིན་ (Zumretay Arkin) ལགས། ཧོང་ཀོང་ནས་ཡིན་པའི་དགེ་རྒན་ཆེན་མོ་སྐུ་ཞབས་ཇོ་སེ་ཧྥི་ཁྲིན་ (Joseph Cheng) ལགས་བཅས་ཀྱིས་གསུང་བཤད་གནང་རྒྱུ་ཡིན་ཞིང་། རྒྱལ་སྤྱིའི་ཁྲིམས་སྐྱོང་ཚོགས་པའི་ (Global Committee for the Rule of Law “Marco Pannella) ལོ་རཱ་ཧར་ཐི་ (Laura Harth) ལགས་ཀྱིས་གཙོ་སྐྱོང་གནང་རྒྱུ།
སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་། ཨི་ཊ་ལི་བོད་རིགས་མཐུན་ཚོགས་ཀྱི་འགན་འཛིན་ཁར་ཌེ་ལི་ (Claudiio Cardelli) ལགས། ཨི་ཊ་ལི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་བདེ་ཆེན་ལགས་བཅས་ཀྱིས་གསུང་བཤད་གནང་མཁན་དང་མཉམ་ཞུགས་པ་ཡོངས་ལ་ཕེབས་བསུ་དང་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྒྱུ།
ཐེངས་འདིའི་བགྲོ་གླེང་ལས་རིམ་ལ་ཨི་ཊ་ལི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གཅིག་གིས་རྒྱབ་སྐྱོར་གནང་བཞིན་ཡོད་པ་བཅས། །