ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ཕུར་བུ།
༄༅། །འདི་གར་ལུགས་ཟུང་བསམ་གྲུབ་གླིང་གཞིས་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༨ པའི་ཚེས་ཤར་ཙམ་ནས་ཤེས་རྟོགས་བྱུང་བ་བཞིན་རྒྱ་གར་གཞུང་ལམ་ལས་ཁུངས་ (National Highway Authority of India) ཀྱིས་མའི་སོར་རྫོང་དང་མ་ཌེ་ཀེ་རི་ (Mysuru to Madekeri) བར་དུ་གཞུང་ལམ་གཞི་རྒྱ་ཆེ་བ་ཞིག་གསར་རྒྱག་གནང་རྒྱུའི་ལས་འཆར་ཁོངས་ལུགས་ཟུང་བསམ་གྲུབ་གླིང་གཞིས་ཆགས་ཀྱི་ཞིང་ས་ཨེ་ཀཱར་ ༡༠༠ ཙམ་བསྡུ་བཞེས་གནང་རྒྱུ་དང་འབྲེལ་བའི་གནད་དོན་ཐོག་གཙོ་བོར་དཔལ་ལྡན་བཀའ་ཤག་དང་། དེ་བཞིན་ནང་སྲིད་ལས་ཁུངས་ཀྱི་བཀའ་འབྲེལ་ལྟར་སྦེང་ལོར་ལྷོ་སྤྱིའི་ལས་ཁུངས་ཀྱི་གཟིགས་སྐྱོང་ཐོག་འབྲེལ་ཆགས་ས་གནས་འགོ་འཛིན་ལས་ཁུངས་ནས་མའི་སོར་དུ་ཚུགས་པའི་དམིགས་བསལ་ས་ཞིང་མཁོ་བསྡུ་ལས་ཁུངས་ཀྱི་གཙོ་འཛིན་ (Special Land Acquisition Officer and Competent Authority) ལ་ཞུ་གཏུགས་དང་། ལྡི་ལིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་འབྲེལ་ཡོད་རྒྱ་གར་དབུས་གཞུང་ལམ་སྐྱེལ་འདྲེན་ལྷན་ཁང་། (Ministry of Road Transport) ནང་སྲིད་ལས་ཁུངས། ཕྱི་སྲིད་ལས་ཁུངས་བཅས་པར་ཞུ་གཏུགས་གནང་།
ཕྱོགས་མཚུངས་སྦེང་ལོར་ལྷོ་སྤྱིའི་ལས་ཁུངས་ནས་ཀྱང་ཀར་ཎ་ཀྲ་ཀ་མངའ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་དང་། ཁྲལ་བསྡུའི་དྲུང་ཆེ་ (Revenue Secretary) གཙོས་པའི་གནད་ཡོད་མི་སྣ་དང་ལས་ཁུངས་ཁག་ལ་ཞུ་གཏུགས་རིམ་པར་གནང་ཡོད། ལྷག་པར་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༩ ཉིན་མའི་སོར་དང་མ་ཌེ་ཀེ་རིའི་རྫོང་གི་དབུས་གྲོས་ཚོགས་འཐུས་མི་པྲ་ཏཱབ་སིམ་ཧ་ (Mysuru & Kodogu MP Pratap Simha) ལགས་ཀྱི་ལས་ཁུངས་སུ་རང་ཅག་གཞིས་མིའི་རེ་འདུན་ཏེ་སའི་གུན་གསབ་རག་ཐབས་ཐོག་རྒྱབ་སྐྱོར་ཡོང་བའི་ཞུ་བསྐུལ་བྱས་པར་ཞལ་བཞེས་ཀྱིས་རྒྱ་གར་དབུས་གཞུང་ལམ་སྐྱེལ་འདྲེན་ལྷན་ཁང་གི་བློན་ཆེན་མཚན་ཐོག་རྒྱབ་གཉེར་ཕྱག་བྲིས་ཤིག་ཀྱང་གནང་འདུག
དེ་ནས་ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་མཉམ་འབྲེལ་ཚོགས་གཙོ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་པདྨ་བདེ་ལེགས་ལགས་དང་། ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས། དེ་བཞིན་ལུགས་བསམ་གཞིས་འགོ་ཐུབ་བསྟན་ཚེ་རིང་ལགས་བཅས་གཞུང་འབྲེལ་ཕྱོགས་བསྐྱོད་བྱས་ཏེ་ལྡི་ལི་ས་གནས་འགོ་འཛིན་གྱི་མཐུན་འགྱུར་སྟེང་ནཱག་པུར་ (Nagpur) དུ་རྒྱ་གར་དབུས་གཞུང་ལམ་སྐྱེལ་འདྲེན་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ནི་ཏཱིན་གྷཌ་ག་རི་ (Transport Minister Shri Nitin Gadkari) མཆོག་དང་མཇལ་འཕྲད་ཞུས་ཏེ་ཡིག་ངག་གཉིས་ཐོག་ནས་བདེ་སྡུག་སྙན་སེང་ཞུས་ངོར་གང་ཐུབ་དགོངས་བཞེས་གནང་རྒྱུའི་ཞལ་བཞེས་བྱུང་། དེ་ལྟར་གནད་དོན་འདི་དང་འབྲེལ་བའི་བྱུང་བ་ཁག་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་ཐབས་ལམ་ཆ་ཚང་བསྟེན་ཏེ་འབྲེལ་ཡོད་ཁྱབ་ཁོངས་དུད་ཚང་རྣམས་དེ་རིང་གིས་མཚོན་སྐབས་ཐེངས་གསུམ་ཙམ་བསྡུ་བསྐོང་ཐོག་གནད་དོན་གསེད་བཀྲོལ་ལམ་གསལ་བཤད་འཐུས་གཙང་ཞུས་ཡོད་པ་བཅས།།