ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༡༩༤༧ ལོར་མཉམ་འབྲེལ་རྒྱལ་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ (Universal Declaration of Human Rights) གནང་བ་ནས་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་གཏན་འབེབས་གནང་བ་བཞིན་ལོ་ལྟར་འཛམ་གླིང་ས་ཕྱོགས་གང་སར་སྲུང་བརྩི་བྱེད་ཀྱི་ཡོད།
འདི་ལོའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་ཐོག་འཛམ་གླིང་ས་ཕྱོགས་མང་པོ་ཞིག་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བར་ངོ་རྒོལ་ཤུགས་ཆེ་བྱས་ཡོད།
དེ་ཡང་ཨོ་སི་ཊི་རི་ཡ་གནས་སྡོད་བོད་མི་རྣམས་ཀྱིས་གྲང་ངར་ཆེ་བའི་ནམ་དུས་དང་། ཝུ་ཧན་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམས་ཀྱི་ཉེན་ཚབས་ལ་མ་ལྟོས་པར། རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་རྔམ་སྟོན་ཁྲོམ་སྐོར་ཞིག་གོ་སྒྲིག་གནང་ཡོད། ངོ་རྒོལ་གྱི་ལས་འགུལ་སྐབས་མཉམ་ཞུགས་པ་རྣམས་ཀྱིས་བོད་ཀྱི་རྒྱལ་དར་དང་འཕྲེད་དར་སོགས་འཆར་ཏེ་རྒྱ་ནག་གི་གཅིག་སྡུད་རིང་ལུགས་ཀྱི་སྲིད་དབང་ལ་ངོ་རྒོལ་དང་། རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འོས་འགན་ལ་བརྩི་འཇོག་བྱེད་དགོས་པ་མ་ཟད། ལྷག་པར་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་བཙོན་འགྲོལ་གཏོང་དགོས་པའི་སྐད་འབོད་གནང་ཡོད། སྐབས་དེར་ཡུ་གུར་མི་ཚོགས་ནས་ཀྱང་ལས་འགུལ་ནང་མཉམ་ཞུགས་གནང་ཡོད།
ཕྱོགས་མཚུངས་འཇིག་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ལྷན་ཚོགས་ནས་སུད་སི་རྒྱལ་ས་བྷན་ (Bern) ནང་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་ཞིག་གོ་སྒྲིག་གནང་ཡོད་པ་དང་། ལས་འགུལ་ཐོག་བོད་མི་དང་། ཡུ་གུར་བ། ཧོང་ཀོང་བཅས་ཚོགས་པ་འདྲ་མིན་གྱི་འཐུས་མི་མཉམ་ཞུགས་གནང་ཡོད། དེ་ཡང་སུད་སི་གྲོས་ཚོགས་མཐུས་མི་ལྕམ་སྐུ་ལི་ས་མ་ཛོན་ ( Lisa Mazzone) ལགས་ཀྱིས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འོས་འགན་ལ་རྩིས་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་ལ་མུ་མཐུད་དོ་སྣང་གནང་རྒྱུ་ཡིན་པ་སོགས་གསུངས།
དེ་བཞིན་འཇར་མ་ནི་ནང་གཞོན་ནུ་གུ་ཡངས་རིང་ལུགས་ཀྱིས་བྷར་ལེན་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་ (Free University) ཞེས་པའི་མདུན་དུ་ངོ་རྒོལ་ལས་འགུལ་ཞིག་གོ་སྒྲིག་གནང་སྟེ། རྒྱ་ནག་གཞུང་གིས་ཁུང་ཙི་བསྟི་གནས་ཁང་བརྒྱུད་ཤེས་ཡོན་གྱི་རང་དབང་ལ་ཤུགས་རྐྱེན་བཟོ་ཡི་ཡོད་པར་ངོ་རྒོལ་གནང་ཡོད། སྐབས་དེར་འཇར་མ་ནི་གྲོས་ཚོགས་མཐུས་མི་ཅེ་ཌེ་ཇན་སན་ (Gyde Jensen) ལགས་དང་། (Jens Brandenburg) ལགས་རྣམ་གཉིས་ཀྱིས་རྒྱ་ནག་གཞུང་གི་རྒྱ་སྐྱེད་རིང་ལུགས་ཀྱི་ལས་འཆར་དང་། རྒྱ་གཞུང་གིས་ཤེས་ཡོན་གྱི་བསྟི་གནས་ཁག་ནང་སིམ་འཛུལ་བྱས་པར་ཉེས་འཛུགས་དྲག་པོ་བྱས་ཡོད། དེ་བཞིན་འཇར་མ་ནི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་ངོ་རྒོལ་གྱི་ལས་འགུལ་གཞན་ཞིག་ཀྱང་སྤེལ་ཡོད། །