ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ཉིན་སུད་སི་དང་ལེག་ཊིན་སི་ཊེན་གནས་སྡོད་བོད་མི་མང་ཚོགས་ཀྱིས་རྒྱལ་ཚོགས་ཀྱི་མདུན་དུ་ཚང་འཛོམས་ཀྱིས་བོད་ཀྱི་རྒྱལ་དར་འཕྱར་བ་དང་། རྒྱ་ནག་གཞུང་གིས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པར་བརྟེན་ད་ཆ་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་སྐོར་སོགས་གསལ་འདོན་ཆེད་ཞི་བའི་ངོ་རྒོལ་གྱི་སྐད་འབོད་རྒྱ་ཆེ་གནང་བའི་ཐོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཐེངས་ ༧༢ དེ་སྲུང་བརྩི་ཞུས་ཡོད།
སྐབས་དེར་ཞི་བའི་ངོ་རྒོལ་བ་རྣམས་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་གཏོང་དགོས་པ་དང་། བོད་མིའི་དཀའ་སྡུག་གསལ་འདོན་སླད་རྒྱ་ནག་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་ཞི་བའི་གྲོས་མོལ་གནང་དགོས་སྐོར་གྱི་རེ་འདུན་ཤུགས་ཆེ་གནང་ཡོད། སྐབས་དེར་སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་གསུང་དོན། དེ་སྔ་རྒྱལ་ཚོགས་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐད་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་ནང་འཁོད་པའི་ཁྲིམས་དང་སྒྲིག་གཞི་ཁག་ལ་རྒྱ་ནག་གཞུང་གིས་བརྩི་མེད་བཏང་སྟེ་རྒྱ་ནག་གཞུང་གིས་བཙན་དབང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་ད་བར་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་གཏོང་བཞིན་ཡོད། ཅེས་དང་།
གཞན་ཡང་ཁོང་གིས་བོད་མིའི་སེམས་ཤུགས་ནམ་ཡང་མ་ཞུམ་པའི་ཐོག་ནས་བོད་དོན་ལས་འགུལ་སྤེལ་དགོས་པ་དང་། བདེན་པ་དང་དྲང་བདེན་ནི་དུས་དང་རྣམ་པ་ཀུན་དུ་ང་ཚོའི་རྒྱབ་ཏུ་ཡོད་སྐོར་སོགས་གསུངས།
དེ་རྗེས་སུད་སུའི་གྲོས་ཚོགས་འཐུས་མི་ཟུར་པ་དང་སུད་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་ René Longet ལགས་ཀྱིས་བོད་དོན་ཐད་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་སྐོར་དང་། ད་ཆ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁག་གི་ནང་གསང་མྱུལ་བ་སོགས་ཀྱི་བྱ་སྤྱོད་ངན་པ་སྤེལ་བཞིན་པར་སེམས་འཚབ་ཀྱིས་སུད་སིའི་གཞུང་ནས་དེའི་ཐོག་ལ་དོ་སྣང་བྱེད་དགོས་པ། ཡིག་ཆ་མེད་པའི་སྐྱབས་བཅོལ་བོད་མི་རྣམས་ལ་སུད་སི་གཞུང་གིས་བདག་པོ་བརྒྱབ་དགོས་སྐོར་གསུངས།
ལས་འགུལ་ཐོག་ཡོ་རོབ་བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་དང་བཀྲས་མཐོང་དབང་པོ་ལགས། སུད་སི་དང་ལིག་ཊིན་སི་ཊེན་བོད་རིགས་མི་མང་གི་ཚོགས་གཙོ་ནོར་བུ་ལགས། ཡོ་རོབ་བོད་མི་ན་གཞོན་ཚོགས་པའི་ཚོགས་གཙོ། སུད་སི་ས་གནས་བུད་མེད་ཚོགས་གཞོན་སོགས་ཀྱིས་གསུང་བཤད་གནང་ཡོད།
མཐར་སུད་སི་དང་ལེག་ཊིན་སི་ཊེན་བོད་རིགས་མི་མང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་ (Michelle Bachelet) མཆོག་གི་མཚན་ཐོག་ཞུ་ཡིག་ཅིག་ཕུལ་ཡོད་པའི་ནང་བོད་དོན་ཐད་ཁ་ཁུ་སིམ་པོ་མི་གནས་པར་གཞིས་བཞུགས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་གླེང་སློང་ཤུགས་ཆེ་གནང་དགོས་ཞེས་འཁོད་ཡོད་པ་བཅས། །