ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༤ ཉིན་སུད་སིའི་ཇི་ནི་ཝ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་པ་གཞན་ཁག་གི་ཨ་རིའི་གཏན་འཇགས་གཞུང་ཚབ་ཁང་གི་གོ་སྒྲིག་འོག་བོད་ནང་གི་ཆོས་དད་རང་དབང་སྟེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བསྐོ་བཞག་ (Religious Freedom in Tibet: The Appointment of Buddhist Leaders and the Succession of the Dalai Lama) ཅེས་པའི་བརྗོད་གཞིའི་ཐོག་དྲ་རྒྱ་བརྒྱུད་བགྲོ་གླེང་ཚོགས་ཡོད་པ་དང་། བགྲོ་གླེང་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་པ་གཞན་ཁག་གི་ཨ་རིའི་གཏན་འཇགས་གཞུང་ཚབ་ཆེན་མོ་སྐུ་ཞབས་ཨན་ཌི་རེའོ་བྷི་རམ་བྷེར་གྷི་ (Andrew Bremberg) མཆོག ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་ (Robert A. Destro) མཆོག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་སྐུ་ཞབས་སེ་མུལ་བྷ་རོན་བྷེག་ (Samul D. Brownback) མཆོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངེས་སྟོན་པ་དམ་ཆོས་རྒྱ་མཚོ་ལགས་བཅས་མཉམ་ཞུགས་གནང་སྟེ་གསུང་བཤད་གནང་ཡོད།
དེ་ཡང་སྐུ་ཞབས་ཨན་ཌི་རེའོ་བྷི་རམ་བྷེར་གྷི་མཆོག་གིས་བགྲོ་གླེང་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། བོད་མི་ནང་པ་ཚོས་ཡུན་རིང་མྱོང་བཞིན་པའི་དཀའ་ངལ་རྣམས་སེལ་ཐབས་དང་། བོད་མི་ཚོར་རང་དབང་གི་སྒོ་ནས་ཆོས་ཉམས་ལེན་གནང་འཇུག་དགོས་པའི་གལ་གནད་སྐོར་གསུང་པ་མ་ཟད། དེང་སང་བོད་མིའི་བླ་སྤྲུལ་ངོས་འཛིན་གྱི་གནད་དོན་དེ་བོད་མིར་མཚོན་ན་ཧ་ཅང་སེམས་འཚབ་བྱེད་དགོས་པའི་གནད་དོན་ཞིག་ཆགས་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་བོད་མིའི་བླ་སྤྲུལ་ངོས་འཛིན་ལམ་ལུགས་ཐོག་ཐེ་བྱུས་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་རང་གི་ཆབ་སྲིད་ཀྱི་དགོས་མཁོ་ཆེད་དུ་བེད་སྤྱོད་བྱེད་བཞིན་ཡོད། ཅེས་དང་། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་ཡོད།
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་མཆོག་གིས། བོད་བརྒྱུད་ནང་བསྟན་ནི་བོད་མི་རྣམས་ལ་དབང་བ་ལས་རྒྱ་ནག་ལ་དབང་གི་མ་རེད། ཅེས་དང་། བོད་མི་ནང་པ་ཁོ་ནར་སོ་སོའི་བླ་སྤྲུལ་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་ཡོད། ཅེས་དང་། ཨ་རིའི་གཞུང་གིས་གཞིས་ལུས་བོད་མི་ཙམ་མ་ཡིན་པར་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱི་མི་ཚེ་སྐྱེལ་སྟངས་ཐད་ལའང་སྲུང་སྐྱོབ་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཅེས་སོགས་གསུངས།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་སྐུ་ཞབས་སེ་མུལ་བྷ་རོན་བྷེག་མཆོག་གིས། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་ཐོག་དམ་བསྒྲགས་བྱས་པར་བརྟེན་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་ད་ལྟ་ཉེན་ཁའི་འོག་གནས་ཡོད་པ་དང་། ཨ་རིའི་གཞུང་གིས་བོད་མི་ནང་པ་ཚོར་རྒྱབ་སྐྱོར་གནང་བཞིན་ཡོད། ཅེས་དང་། འཛམ་གླིང་རྒྱལ་ཁབ་གཞན་རྣམས་ནས་ཀྱང་ཨ་རི་དང་ལྷན་དུ་མཉམ་ཞུགས་ཀྱིས་བོད་མིའི་ཆོས་དད་རང་དབང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་ཡོད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངེས་སྟོན་པ་དམ་ཆོས་རྒྱ་མཚོ་ལགས་ཀྱིས། ཐེངས་འདིའི་དྲ་ཐོག་གི་བགྲོ་གླེང་གོ་སྒྲིག་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་སྦྲགས་རྒྱལ་ཚོགས་ཀྱི་རང་དབང་ཆེད་མཁས་པ་རྣམ་པས་མཉམ་འབྲེལ་ཐོག་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་འབོད་སྐུལ་གནང་བཞིན་པར། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། དེ་སྔ་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་གིས་ཆོས་དུག་རེད་ཅེས་བཤད་ཡོད་པ་དང་། ཕྱོགས་གཅིག་ནས་རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་བླ་སྤྲུལ་རྣམ་པར་ཡང་སྲིད་ཀྱི་ལག་འཁྱེར་འབུལ་བཞིན་ཡོད། དེང་སང་རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་བླ་སྤྲུལ་ངོས་འཛིན་གྱི་བདག་དབང་རྒྱ་ནག་གཞུང་ལ་ཡོད་པའི་སྐོར་རྗོད་ཀྱི་ཡོད། མ་འོངས་པར་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་ལ་ཡི་ཤུའི་བླ་ཆེན་རྣམ་པ་བསྐོ་བཞག་བྱ་རྒྱུའི་བདག་དབང་ཡོད་པ་བརྗོད་ངེས་ཡིན། ཞེས་དང་། མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་བཅས་ཀྱི་ཆེད་དུ་རྒྱལ་སྤྱིའི་འགོ་ཁྲིད་དང་རྒྱལ་ཁབ་ཁག་གི་གཞུང་རྣམས་མཉམ་རུབ་ཐོག་འཐབ་རྩོད་གནང་དགོས། ཞེས་སོགས་གསུངས།།