ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །བོད་མདོ་སྨད་མགོ་ལོག་ཁུལ་རྨ་ཆེན་རྫོང་གངས་རི་ཡུལ་མཚོ་ནས་ཡིན་པའི་བོད་མི་འབྲོག་པ་ལྷུན་གྲུབ་རྡོ་རྗེ་ལགས་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་མགོ་ལོག་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་བྱས་པའི་ཉེས་མིང་འོག་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་ཆབས་ཅིག་ལོ་གཅིག་གི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ཡོད་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། བོད་མི་ལྷུན་གྲུབ་རྡོ་རྗེ་ཞུ་བ་ཞིག་གིས་རང་ཉིད་ཀྱི་སྤྱི་ཚོགས་བརྒྱུད་ལམ་སྟེང་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་བོད་རང་བཙན་སྐོར་གྱི་ནང་དོན་ལྡན་པའི་པར་རིས་དང་སྣང་བརྙན་ཁག་གཅིག་བརྒྱུད་སྐུལ་བྱས་པ་ལ་བརྟེན་ནས། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་མགོ་ལོག་ཁུལ་འབྲིང་རིམ་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་སྤེལ་བར་བསྙད་ནས་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།
ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་ཕྱི་ལོ་ ༢༠༡༩ ནས་ ༢༠༢༠ བར་མི་སྒེར་གྱི་སྤྱི་ཚོགས་བརྒྱུད་ལམ་ཐོག་བཙན་བྱོལ་བོད་གཞུང་དང་༧གོང་ས་མཆོག དེ་བཞིན། བོད་རང་བཙན་དང་འབྲེལ་བའི་ཡི་གེ་དང་པར། བརྙན་སོགས་བརྒྱུད་སྐུལ་བྱས་སྟབས། རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་དང་། ལོ་གཅིག་གི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ཡོད་པ་དང་། སྐབས་དེར་ལྷུན་གྲུབ་རྡོ་རྗེ་ལགས་ནས་ཁྲིམས་ཁང་གི་ཐག་གཅོད་ལ་ངོས་ལེན་དང་སླར་ཡང་ཞུ་གཏུག་བྱ་རྒྱུ་མིན་པའི་ངོས་ལེན་བྱས་ཡོད་སྐོར་བརྗོད་འདུག
ལྷུན་གྲུབ་རྡོ་རྗེ་ལགས་འཛིན་བཟུང་བྱེད་དགོས་དོན་གཙོ་བ་ནི། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༥ ཉིན་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་སྒེར་གྱི་སྐད་འཕྲིན་ཐོག་ལོ་གསར་དང་འབྲེལ་བའི་སྐར་ཆ་བཅུ་ཅན་གྱི་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་བརྙན་ཐུང་གི་ལམ་ནས་བརྒྱུད་སྐུལ་བྱས་པ་དང་། ཉིན་དེར་ཝེ་པོ་དྲ་ཚིགས་ (Weibo) སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལ་ལོ་གསར་འཚམས་འདྲིའི་ཤིས་ཚིག་དང་པར་རིས་བརྒྱུད་སྤེལ་བྱས་པ། དེ་བཞིན་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་ཏེ་བོད་ནང་རྒྱ་ནག་གིས་དམ་བསྒྲགས་དང་དོགས་ཟོན་ཤུགས་ཆེན་བྱེད་བཞིན་པའི་སྐབས་དེར་དྲ་ཐོག་ནས་བོད་རང་བཙན་སྐོར་གྱི་ནང་དོན་ལྡན་པའི་ཡི་གེ་དང་པར་རིས་བརྒྱུད་སྐུལ་དང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༣ ཉིན་སྒེར་གྱི་ཝེ་པོ་དྲ་ཚིགས་ཐོག་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བསྟོད་པ་དང་སྨོན་འདུན་ཞུས་པ་དང་། སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་གཞོན་དུས་ཀྱི་སྐུ་པར་སོགས་བརྒྱུད་སྤེལ་བྱས་ཡོད་པར་བརྟེན། ཕྱི་ཟླ་ ༧ ཚེས་ ༡༤ ཉིན་རྒྱ་ནག་གཞུང་གིས་བཀག་ཉར་གྱིས་ཕྱི་ཚེས་ ༢༣ ཉིན་དངོས་སུ་འཛིན་བཟུང་བྱས་ཡོད་འདུག
ལྷུན་གྲུབ་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༩༠ ཟླ་ ༨ ཚེས་ ༧ ཉིན་སྐྱེས་ཤིང་། ཕ་ཡུལ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་གངས་རི་ཡུལ་ཚོ་ནས་ཡིན་འདུག་པ་བཅས། །