ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ལོར་བོད་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ལ་ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུས་པར་བསྙད་དེ་རྒྱ་ནག་གཞུང་གིས་རྔ་བ་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་དང་པོ་ནས་ཡིན་པའི་བོད་མི་ཨ་ཀྱ་ཀྱ་ལགས་ལོ་ལྔ་ལྷག་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ཙམ་ལ་བཙོན་བཀྲོལ་བཏང་ཡོད་འདུག་པ་དང་ཕྱི་ཚེས་ ༡༢ ཉིན་རང་ཁྱིམ་དུ་འབྱོར་འདུག
ལོ་དེར་ཨ་ཀྱ་ཀྱ་ལགས་ཀྱིས་གཙོས་རྔ་བ་ནས་ཡིན་པའི་བོད་མི་གཞན་དགུ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ལ་ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུས་པར་བསྙད་དེ་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད། རྔ་བ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༦ ཉིན་བོད་མི་དེ་དག་ལ་ལོ་ལྔ་ནས་བཅུ་བཞིའི་བར་གྱི་བཙོན་འཇུག་ཁྲིམས་ཐག་འདྲ་མིན་བཅད་ཡོད།
ཨ་ཀྱ་ཀྱ་ལགས་དེ་སྔོན་ཡང་ཕྱི་ལོ་ ༢༠༡༡ ལོར་རྒྱལ་གཅེས་པ་བློ་བཟང་ཕུན་ཚོགས་ལགས་ཀྱིས་སྐུ་ལུས་མེར་སྲེག་གནང་སྐབས་ངོ་རྒོལ་སྐད་འབོད་བྱས་པའི་རྐྱེན་གྱིས་འཛིན་བཟུང་གིས་ལོ་ ༣ ལྷག་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་འདུག་པ་བཅས། །