ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༥ དང་ ༡༦ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཧ་ཊིར་འཕགས་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཚོགས་ཡོད་པ་དང་། ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་ (Shri Indresh Kumar) མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ (Shri R K Khrimey) མཆོག་སོགས་རྒྱ་གར་གྱི་མངའ་སྡེ་ཁག་བཅོ་བརྒྱད་ནས་ཚོགས་བཅར་བ་ཁྱོན་མི་གྲངས་བརྒྱ་དང་ལྔ་བཅུ་ལྷག་ཕེབས་ཡོད།
དེ་ཡང་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་པན་ཀ་ཇི་གོ་ཡལ་ (Pankaj Goyal) ལགས་ཀྱིས། ཉིན་གྲངས་གཉིས་རིང་གི་ཚོགས་འདུའི་གྲོས་གཞི་ཁག་དང་དགོས་མཁོ། དེ་བཞིན་འཕགས་བོད་འབྲེལ་མཐུད་ཚོགས་པར་ཐོག་མར་ཚོགས་མི་བདུན་ནས་ད་ཆ་ཚོགས་མི་ལྔ་སྟོང་ལྷག་ཡོད་པའི་ལོ་རྒྱུས་སོགས་ཀྱི་སྐོར་གསུངས་ཡོད།
དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས། བོད་ནང་ཆ་བཞག་ན། གཞིས་བཞུགས་བོད་མི་རྣམ་པས་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་རྒྱ་ནག་གཞུང་ལ་རྒྱུན་དུ་ཁ་གཏད་གཅོག་བཞིན་ཡོད། ད་ལྟའི་བོད་ནང་གི་མི་རབས་གཞོན་པ་ཚོས་རྒྱ་ནག་གི་འགོ་འཁྲིད་མའོ་ཙེ་ཏུང་དང་། ཏིང་ཞའོ་ཕིང་མཐོང་མྱོང་མེད་པ་དང་། ཅང་ཙི་མིན་དང་། ཧུ་ཅིན་ཐའོ་ལྟ་བུ་གོ་ཐོས་ཙམ་ལས་བྱུང་མེད་ནའང་། ཞི་ཅིང་ཕིང་གིས་འགོ་འཁྲིད་པའི་རྒྱ་དམར་གཞུང་གི་མདུན་དུ་བོད་དོན་ཆེད་སྐུ་ལུས་མེར་སྲེག་གནང་གི་ཡོད། གང་ལྟར་རྒྱ་ནག་གཞུང་གིས་བོད་ནང་ཇི་ཙམ་དམ་དྲག་བྱས་ཀྱང་གཞིས་བཞུགས་བོད་མི་ཚོས་བོད་དོན་བདེན་མཐའ་གསལ་སླད་དང་། སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གང་མགྱོགས་གདན་འདྲེན་ཞུ་རྒྱུའི་ཆེད་གདོང་ལེན་སྣ་ཚོགས་བྱེད་ཀྱི་ཡོད། དེ་བཞིན་བཙན་བྱོལ་ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་ཡོད་པ་དང་། དེ་དག་གི་རྒྱབ་སྐྱོར་གནང་བའི་ཐོག་ནས་བོད་པའི་རྩ་དོན་གྱི་ནུས་པ་རྒྱལ་སྤྱིའི་སྟེང་ཤུགས་ཆེ་བ་ཐོན་གྱི་ཡོད་པ་རེད། རྣམ་པ་ཚོའི་ངོས་ནས་ད་བར་བོད་པའི་རྩ་དོན་ཐོག་གང་ཐུབ་རྒྱབ་སྐྱོར་གནང་བ་རེད། མུ་མཐུད་ནས་ཀྱང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས།
སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་མཆོག་གིས། རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་པར་བརྟེན་ད་ལྟ་བོད་ནང་བོད་མི་ཚོས་དམྱལ་བ་ལྟ་བུའི་སྡུག་བསྔལ་མྱོང་བཞིན་ཡོད་པ་མ་ཟད། བོད་མི་རྣམས་སོ་སོའི་ལུང་པའི་ནང་གྲངས་ཉུང་མི་རིགས་ཆགས་ཡོད། ཅེས་དང་། བོད་མཐོ་སྒང་ནི་ཨ་ཤིའི་ཆུའི་འབྱུང་ཁུངས་ལྟ་བུ་ཆགས་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་གཙང་པོ་དེ་དག་ཁ་ཕྱོགས་བསྒྱུར་ཐབས་བྱེད་བཞིན་ཡོད། འདས་པའི་ཟླ་ཤས་རིང་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ས་མཚམས་སུ་བཙན་འཛུལ་བྱས་པར་རྒྱ་གར་གཞུང་མང་གཉིས་ནས་རྒོལ་ལན་དྲག་པོ་སློག་ཡོད། རྒྱ་ནག་གཞུང་གིས་རྒྱ་གར་གྱི་བདེ་འཇགས་གཏོར་བཤིག་གཏོང་བཞིན་ཡོད་པས་རྒྱ་ནག་གི་ཚོང་རྫས་ཉོ་ཚོང་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པ་སོགས་ཀྱི་སྐོར་གསུངས།
སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ལགས་ཀྱིས། འཕགས་བོད་འབྲེལ་མཐུད་ཚོགས་པ་དང་ང་རང་སྒེར་གྱི་མངོན་འདོད་གཙོ་བོ་ནི། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་བོད་ལ་ཆིབས་སྒྱུར་བསྐྱང་ཐུབ་པ་བྱ་རྒྱུ་དེ་ཡིན། ཞེས་གསུངས།།