ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊིམ་ (Donald Trump) མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་གནང་བར། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨར་ཀེ་ཁིར་མེ་ (Shri R.K Khirmey) མཆོག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༩ ཉིན་ཐུགས་རྗེ་ཆེ་ཞུའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན།
ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་གྱི་འགན་དབང་མགོན་པོ་གང་ཉིད་མཆོག་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པ། དེ་བཞིན་བོད་མི་ཚོ་ཁོ་ནར་ཡོད་པ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པ་བཀོད་ཡོད། ཁྲིམས་འཆར་དེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་མང་གཙོའི་སྒྲིག་འཛུགས་ཚགས་ཚུད་ཡོང་སླད་ཞབས་འདེགས་རླབས་ཆེན་མཛད་པ་དང་། བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་དང་དེའི་འགོ་ཁྲིད་སྲིད་སྐྱོང་མཆོག་ཡིན་པ་ངོས་འཛིན་གནང་ཡོད་པ་མ་ཟད། གཞིས་བྱེས་བོད་མི་རྣམས་ལ་རོགས་དངུལ་གནང་རྒྱུའི་ཞལ་བཞེས་གནང་ཡོད།
གཞན་ཡང་ཁྲིམས་འཆར་དེས་བོད་མཐོ་སྒང་གི་ཁོར་ཡུག་དང་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོབ་གནང་རྒྱུ་དང་། དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བ་སོགས་བོད་མི་ཚོར་མཚོན་ན་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་དང་དགའ་སྤྲོ་གནང་དགོས་པ་ཞིག་ཆགས་ཡོད། ཁྲིམས་འཆར་དེས་བོད་ནང་གི་བོད་མི་ཚོར་རེ་བ་དང་དྲང་བདེན་བསྐྲུན་ཏེ་བརྡ་ལན་ཤུགས་ཆེན་པོ་ཞིག་བཏང་གནང་ཡོད་པ་མ་ཟད། ཨ་རིའི་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་ལ་སྔར་དང་མ་འདྲ་བའི་རྒྱབ་སྐྱོར་ཤུགས་ཆེ་གནང་བ་ཞིག་མཚོན་གྱི་ཡོད།
ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་བཞིན་ཨ་རིའི་གྲོས་ཚོགས་ནང་གཏན་འབེབས་གནང་བ་དང་། ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊིམ་ (Donald Trump) མཆོག་གིས་ཁྲིམས་འཆར་དེར་མཚན་རྟགས་བཀོད་དེ་རྒྱལ་ཁབ་གཞན་གྱི་འགོ་ཁྲིད་ཚོས་ཀྱང་དེ་ལྟར་གནང་དགོས་པའི་མིག་ལྟོས་བཟང་པོའི་ལམ་ཁ་ཞིག་བསྟན་ཡོད། བོད་ཀྱི་གནད་དོན་དེ་རྒྱ་གར་གྱི་བདེ་སྲུང་ལ་ཐད་ཀར་འབྲེལ་བ་ཡོད་པའི་ཆ་ནས་རྒྱ་གར་གཞུང་གིས་ཀྱང་བོད་ཀྱི་གནད་དོན་དང་འབྲེལ་བའི་སྐོར་ལ་སྲིད་བྱུས་ཁ་གསལ་ཞིག་གཏན་འབེབས་གནང་དགོས་པའི་དུས་ལ་བབས་ཡོད། དེར་བརྟེན་ང་ཚོའི་ངོས་ནས་རྒྱ་གར་མི་མང་ལ་རྒྱ་གར་གཞུང་གིས་བོད་ཀྱི་གནད་དོན་དང་འབྲེལ་བའི་སྐོར་ལ་སྲིད་བྱུས་ཁ་གསལ་ཞིག་གཏན་འབེབས་གནང་སླད་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན།
ཨ་རིའི་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་སླད་དུ་ཕྱི་ལོ་ ༡༩༧༩ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་གདན་འདྲེན་ཞུས་པ་དང་། དེ་བཞིན་ཕྱི་ལོ་ ༡༩༩༠ ནང་ཨ་རིའི་གཞུང་གིས་བོད་མི་གཞིས་སྤོས་ལས་འཆར་ (US Tibetan Resettlement Project) དང་། ཕྱི་ལོ་ ༢༠༠༢ ལོའི་བོད་དོན་སྲིད་བྱུས། (Tibetan Policy Act 2002) ཕྱི་ལོ་ ༢༠༡༨ ལོར་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ (The Reciprocal Access to Tibet Act) གཏན་འབེབས་གནང་བ་མ་ཟད། ཉེ་ཆར་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་ཡོད།
ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་བཞིན་ཁྲིམས་སུ་གཏན་འབེབས་གནང་སྟེ་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་པར་ང་ཚོ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་ཨ་རིའི་གཞུང་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊིམ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་ཏུ་ང་ཚོས་ཨ་རིའི་གཞུང་མང་གཉིས་ནས་ད་བར་བོད་དོན་སླད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་ལ་རང་དབང་མ་ཐོབ་བར་དུ་ཨ་རིའི་གཞུང་མང་གཉིས་ནས་མུ་མཐུད་བོད་དོན་ཆེད་དུ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།།