ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །རྒྱ་གར་བྱང་ཕྱོགས་ཨུཏྟར་ཁནྜ་ (Uttarkhand) མངའ་སྡེའི་ནང་རྟེན་གཞི་བྱས་པའི་མ་སུ་རི་བོད་ཁྱིམ་སློབ་གྲྭས་ཕྱི་ལོ་ ༢༠༡༨ ནས་ ༢༠༢༠ བར་ལོ་གསུམ་བསྟུད་མར་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ (SSE/AISSCE) ནང་གྲུབ་འབྲས་བརྒྱ་ཆ་དགུ་བཅུ་ལྷག་སོན་པར་བརྟེན། ཉེ་ཆར་ལྡེ་ར་ལྡུན་ས་གནས་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ནས་བསྔགས་བརྗོད་ཀྱི་ལག་འཁྱེར་ཞིག་གནང་འདུག
སྤྱིར་འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་ ༡༦ ནས་སློབ་ཕྲུག་གྲངས་ ༡༠༡༦ ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༩༩༨ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བཙན་བྱོལ་བོད་མིའི་སློབ་གྲྭའི་ཆ་སྙོམས་བརྒྱ་ཆ་ནི་ ༩༨་༢༣ ལོན་ཡོད་པར་བརྟེན་སྔ་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ལས་བརྒྱ་ཆ་ ༡.༢༣ འཕར་ཆ་བྱུང་ཡོད་པ་མ་ཟད། སྤུས་ཚད་ཀྱི་ཆ་ནས་བརྒྱ་ཆ་ ༩།༥༥ འཕར་ཡོད། བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་བཅུ་དྲུག་ནང་ནས་བརྒྱ་ཆ་བརྒྱ་ཡིག་རྒྱུགས་འཕྲོད་པ་སློབ་གྲྭ་བཅུ་བྱུང་ཡོད། དེའི་ཁོངས་ནས་བརྒྱ་ཆ་ ༩༠ ཡན་ལོན་པའི་སློབ་ཕྲུག་གྲངས་ ༩༡ བྱུང་ཡོད་པའི་ནང་ནས་སློབ་ཕྲུག་ ༤༤ མ་སུ་རི་བོད་ཁྱིམ་ནས་ཡིན་པ་དང་། མ་སུ་རི་བོད་ཁྱིམ་ནི་ཕྱི་ལོ་ ༡༩༦༢ ཟླ་ ༡༡ ནང་གསར་འཛུགས་གནང་བ་ཞིག་ཡིན་འདུག་པ་བཅས། །