ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །འདི་གར་དགའ་ལྡན་ཁྲི་ཐོག་ཁང་ནས་བཏང་གནས་ནང་འཁོད་དོན། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུགས་པའི་ལམ། །ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། ། ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག ། ཅེས་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་དངོས། སྤྱི་ནོར་ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་ྋརྒྱལ་མཆོག་ཡིད་བཞིན་ནོར་བུ་ཐམས་ཅད་མཁྱེན་ཅིང་གཟིགས་པ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་ྋརྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་གི་ཞབས་ཀྱི་པདྨོའི་རྡུལ་དྲི་མ་མེད་པའི་དྲུང་དུ།
སྒོ་གསུམ་རབ་གུས་ཀྱིས་དད་ཕྱག་གྲངས་མེད་དང་བཅས་ཏེ། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། ཞེས་གུས་ཕྱག་དང་། གསོལ་འདེབས་སྔོན་དུ་བཏང་ནས། འདིར་སྐབས་དོན་བརྗོད་བྱ་གཙོ་བོ་ནི། ཕྱི་ལོ་༢༠༢༠་ཟླ་༡༡་ཚེས་༣་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་བཀའ་ཡིག་ཕེབས་གསལ་དུ། དབུས་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་༢༠༢༠་ལོ་འདི་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་༢༠༢༠་ཟླ་༡༢་ཚེས་༥་ནས་བདུན་ཕྲག་གཅིག་ཙམ་རིང་བཞུགས་སྒར་རྡ་རམ་ས་ལར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་སྟེ། འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་། ཆོས་ལུགས་མཐུན་འབྲེལ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ། རྒྱ་གར་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་བཅས་ཀྱི་སྐོར་དྲ་ལམ་བརྒྱུད་བོད་སྐད་དང་། ཨིན་སྐད། ཧིན་དི། ཕེ་རིན་ཆི། སི་པེན། ཨི་ཊ་ལི། འཇར་མན། རྒྱ་སྐད། ཨུ་རུ་སུ། སོག་པོ་སོགས་སྐད་རིགས་བཅུ་གཉིས་ནང་མཁས་པའི་བགྲོ་གླེང་ཞིག་གོ་སྒྲིག་ཞུ་རྒྱུ་ལགས་ན། ཕྲན་དགའ་ལྡན་ཁྲི་པས་བོད་སྐད་ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བཀའ་སློབ་དུས་ཡུན་ཆུ་ཚོད་ཕྱེད་ཀ་ཙམ་གྱི་བརྙན་འཕྲིན་ཞིག་ཕྱི་ལོ་༢༠༢༠་ཟླ་༡༡་ཚེས་༣༠་སྔོན་དུ་བསྩལ་གནང་ཡོང་བ། ཞེས་ཕེབས་དོན་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་༢༠༢༠་ལོ་འདིར་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་དྲིན་རྗེས་དྲན་གྱི་ལོར་གཏན་འབེབས་གནང་བ་ནི་ཆེས་ཤིན་ཏུ་བསྔགས་འོས་སུ་མཐོང་།
འོན་ཀྱང་ཕྱི་ལོ་༢༠༢༠་ལོ་འདིར་བཀའ་དྲིན་རྗེས་དྲན་ཞུས་པ་དེ་ཙམ་མིན་པར། སྐྱེ་འགྲོ་སྤྱི་དང་། ལྷག་ཏུ་རང་ཅག་བོད་རིགས་ཡོད་དོ་ཅོག་གིས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་སུ་མ་དྲན་ཐབས་མེད་དུ་གྱུར་ཡོད་ལ། ང་ཚོས་རྟག་ཏུ་བཀའ་དྲིན་རྗེས་དྲན་མ་ཞུས་ཐབས་མེད་དུ་གྱུར་ཡོད།
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ལ་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་དེ་ནི་ྋགོང་ས་མཆོག་གི་ཆེད་མིན་པར། དེ་ནི་ང་ཚོ་རང་ཉིད་ཀྱི་ཆེད་ཡིན་པར་ང་ཚོས་ངེས་པར་དུ་ཤེས་དགོས། བཀའ་དྲིན་རྗེས་དྲན་ཞུ་ལུགས་ཞུ་སྟངས་དེ་ཡང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་གཉིས་པ་འཇམ་མགོན་བླ་མ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཞལ་ནས། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །དེ་ཉིད་ཡིན་ཕྱིར་མཁས་རྣམས་ཀྱིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །ཞེས་སངས་རྒྱས་བཅོམ་ལྡན་འདས་ལ་རྗེས་དྲན་ཞུ་སྟངས་ཡག་ཤོས་དེ་ནི་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱི་ནང་ནས་སངས་རྒྱས་ཀྱི་གསུང་གི་དོན་དག་ལ་སློབ་སྦྱོང་བྱ་རྒྱུ་དང་། དེའི་དོན་དག་རང་རང་སོ་སོས་ལག་བསྟར་འདེབས་རྒྱུ་དེ་ཡིན་པར་གསུངས་ཡོད་པ་ལྟར། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ལ་ང་ཚོས་བཀའ་དྲིན་རྗེས་དྲན་ཞུ་སྟངས་དེ་ཡང་། ྋསྐྱབས་མགོན་ྋརྒྱལ་དབང་ཡིད་བཞིན་ནོར་བུས་སྔོན་ནས་ད་བར་ང་ཚོ་ལ་བཀའ་སློབ་ལམ་སྟོན་ག་རེ་གནང་ཡོད་པ་དེ་ཚོ་ལ་ང་ཚོས་སློབ་སྦྱོང་བྱས་ཏེ། ྋགོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གྱི་དོན་དག་ལྷག་ལུས་མེད་པར་ང་ཚོས་ལག་བསྟར་གདབ་རྒྱུ་དེ་ནི་ྋགོང་ས་མཆོག་ལ་ང་ཚོས་བཀའ་དྲིན་རྗེས་དྲན་ཞུ་སྟངས་ཡག་ཤོས་དེ་ཡིན་པ་རེད།
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞལ་སྔ་ནས་ད་བར་བཀའ་སློབ་ལམ་སྟོན་གང་འདྲ་ཞིག་ཕེབས་པ་དེ་དག་ཐམས་ཅད་ལ་དོན་དག་མེད་པ་ཚིག་གཅིག་མེད་ལ། བཀའ་སློབ་ལམ་སྟོན་ཡོངས་རྫོགས་སེམས་ཅན་གྱི་དོན་དུ་མ་གསུངས་པ་དང་། སེམས་ཅན་གྱི་དོན་དུ་མི་འགྱུར་བ་ཚིག་གཅིག་ཀྱང་མེད། ཅེས་ང་ཚོས་ཐག་གཅོད་གཙང་མའི་ལམ་ནས་བཤད་ཐུབ། དེའི་ཕྱིར་ཁོང་གིས་ཆེ་ས་ནས་ད་ལྟའི་འཛམ་གླིང་སྤྱིའི་ཚབས་ཆེའི་དཀའ་རྙོག་རིགས་ཀྱིས་གཙོས། ཆུང་ས་ནས་གང་ཟག་སྒེར་གྱི་དཀའ་ངལ་སོགས་དཀའ་ངལ་ཡོངས་རྫོགས་ཀྱི་གནས་ཚུལ་ཇི་བཞིན་གཟིགས་པའི་སྒོ་ནས། དཀའ་ངལ་དེ་དག་སེལ་ཐབས་སུ་མགོན་པོ་གང་གི་ཐུགས་བརྩེ་བ་ཆེན་པོས་གང་ལ་གང་འདུལ་གྱིས་བཀའ་སློབ་ལམ་སྟོན་ཡང་དག་གནང་བཞིན་པ་ཤ་སྟག་ཡིན།
དཔེར་ན་དེ་རིང་སྐབས་བབ་ཀྱི་བརྗོད་གཞི་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་མཆོག་སྐུ་འཕྲེང་བཅུ་བཞི་པ་ཆེན་པོའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ཡིན་པ་དེའི་ཕྱིར། ྋགོང་ས་མཆོག་གིས་རྟག་ཏུ་སྐུ་ངལ་ཚད་མེད་བསྐྱོན་གནང་དང་གནང་བཞིན་པའི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་བཞི་དེ་དག་མགོན་པོ་གང་གི་བཀའ་སློབ་ལམ་སྟོན་ཁག་ནས་ཚིག་ཉུང་དོན་འདུས་སུ་མདོར་བསྡུས་ནས། འདིར་སྙིང་བསྡུས་ཙམ་བཀོད་ན།
༡༽ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་དམ་བཅའ་དང་པོ་ནི། ྋགོང་ས་མཆོག་ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རྒྱུད་ཀྱི་ཡ་རབས་སྤྱོད་བཟང་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན་ཞིང༌། དེ་ནི་མི་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་སུ་བདེ་སྐྱིད་འབྱུང་བའི་གཞི་རྩ་ཡིན་པར་གསུང་བཞིན་པ་དེ་རེད།
དེའི་ཕྱིར་ཐུགས་བསྐྱེད་དམ་བཅའ་བཞིའི་དང་པོ་འདིའི་སྐོར་ལ་ང་ཚོས་བསམ་བློ་ཞིབ་མོ་ཞིག་བཏང་ན། ཁོང་གིས་ང་ཚོ་མི་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་ལ་བདེ་སྐྱིད་དགོས་ན། བདེ་སྐྱིད་འབྱུང་བའི་གཞི་རྩ་ཡ་རབས་སྤྱོད་བཟང་ཡིན་པར་གསུངས་པ་དེ་རེད། དེ་ལ་ང་ཚོས་ཚང་མས་བསམ་བློ་བཏང་། ཞིབ་འཇུག་མཐར་ཕྱིན་པ་བྱེད་དགོས་པ་རེད། ང་ཚོས་ཞིབ་འཇུག་བྱེད་སྟངས་དེ་སྤྱི་ཚོགས་ལ་བདེ་སྐྱིད་འབྱུང་ཁུངས་ཡ་རབས་སྤྱོད་བཟང་ལས་གཞན་ཞིག་ཡོད་དམ། ཡོད་ན་དེ་ལས་གཞན་ཤེས་ཡོན་དང་། དཔལ་འབྱོར། ཆབ་སྲིད། དམག་དོན་སོགས་ཀྱི་རང་རུང་ཞིག་རེད་དམ། ཡང་ན་དེ་ལས་གཞན་ཞིག་རེད་དམ། ཐོག་མར་དེ་ངོས་འཛིན་གསལ་བོ་དགོས་པ་རེད། གལ་ཏེ་འཇིག་རྟེན་འདིའི་སྤྱི་སྒེར་ཚང་མ་ལ་བདེ་སྐྱིད་ཀྱི་འབྱུང་ཁུངས་གཙོ་བོ་ྋགོང་ས་མཆོག་གིས་གསུངས་པ་དེ་ལས་ལྷག་ཅིག་ང་ཚོས་རག་ན། ང་ཚོས་ྋགོང་ས་མཆོག་ལ་ཁྱེད་ཀྱིས་གསུངས་པ་དེ་མ་རེད། དེ་ལས་ལྷག་ཅིག་ང་ཚོས་རག་སོང་། ཞེས་ཁོང་ལ་ཡར་ཞུ་བྱས་ན་འགྲིག་གི་ཡོད་པར་མ་ཟད། ཁོང་ཐུགས་དགྱེས་ཐག་ཆོད་ངེས་རེད་དེ། ང་ཚོ་སུས་ཀྱང་དེ་འདྲ་ཞིག་རག་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཡིན་པར་མ་ཟད། ངས་བལྟས་ན་ང་ཚོས་མི་ཚེ་གཅིག་དེའི་རིང་ལ་ཞིབ་འཇུག་བྱས་ཀྱང་སྤྱི་སྒེར་ཚང་མ་ལ་བདེ་སྐྱིད་འབྱུང་བའི་གཞི་རྩ་ཡ་རབས་སྤྱོད་བཟང་ལས་ལྷག་ང་ཚོས་རག་མི་སྲིད་པ་རེད།
དེ་ཡིན་ན་ཡ་རབས་སྤྱོད་བཟང་དེ་ཡང་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཡར་རྒྱས་ལ་སུས་གཏང་རྒྱུ་རེད་དམ། ཞེ་ན། ཡ་རབས་སྤྱོད་བཟང་ཡར་རྒྱས་ལ་འཇིག་རྟེན་མིས་གཏང་དགོས་པ་རེད། མ་གཏོགས་གཞན་གང་གིས་ཀྱང་འགྲོ་བ་མིའི་རྒྱུད་ལ་ཡ་རབས་སྤྱོད་བཟང་ཡར་རྒྱས་གོང་འཕེལ་དུ་གཏང་ཐུབ་རྒྱུ་མ་རེད། དེ་མི་ཐུབ་པ་དེ་ང་ཚོས་གསལ་བོ་ཤེས་ཐུབ་པའི་ཆེད་དང་། འགྲོ་བ་མིའི་རྒྱུད་ཀྱི་ཡ་རབས་སྤྱོད་བཟང་འགྲོ་བ་མིས་ཡར་རྒྱས་སུ་གཏང་དགོས་པ་གསལ་རྟོགས་ཐུབ་ཆེད་དུ་དགོངས་ནས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས། ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་རྒྱུད་ཀྱི་ཡ་རབས་སྤྱོད་བཟང་གོང་མཐོར་སྤེལ་ཐབས་བྱ་རྒྱུ་ཡིན་གསུངས་པ་རེད། དེ་ཚོ་ཚང་མ་ལ་ཞིབ་འཇུག་ཡག་པོ་བྱས་ན། རྒྱུ་མཚན་དང་། གནས་ལུགས། གོ་རིམ་བཅས་ངེས་ཅན་རེ་ཡོད་པ་རེད།
༢༽ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་དམ་བཅའ་གཉིས་པ་ནི། ྋགོང་ས་མཆོག་ཁོང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞིང༌། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང༌། བྱམས་པ་དང༌། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་སོགས་ཉམས་སུ་ལེན་པར་ཆོས་ལུགས་ཚང་མ་གཅིག་མཚུངས་ཡིན་པ་མ་ཟད། མི་ཚེ་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་གཅིག་མཚུངས་ཡིན་པར་གསུང་བཞིན་པ་རེད།
འདིའི་སྐོར་ལ་ཡང་ང་ཚོས་བསམ་བློ་ཞིབ་ཏུ་བཏང་ན། སྔོན་ནས་ད་བར་འཛམ་གླིང་འདིར་ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་མེད་པ་ལ་བརྟེན་ནས་དཀའ་རྙོག་བསམ་གྱིས་མི་ཁྱབ་པ་བྱུང་ཡོད། འདས་པའི་ཉམས་མྱོང་དེ་གཞི་ལ་བཞག་ནས་ང་ཚོས་བསམ་བློ་བཏང་ན་ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་ཡོད་མེད་ཕན་གནོད་གང་ཆེ་དེ་ང་ཚོས་ངོས་འཛིན་གསལ་པོ་ཐུབ་དགོས། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་ཡོད་པའི་ཕན་ཐོགས་དང་། མེད་པའི་སྐྱོན་ཆ་་ལ་བསམ་བློ་བཏང་ན། ང་ཚོར་གང་ཞིག་གིས་ཕན་གནོད་ཅི་ཞིག་འབྱུང་བཞིན་པ་སོགས་ང་ཚོས་ཤེས་མི་ཐུབ་པ་གང་ཡང་མེད་ངེས་རེད།
འོ་ན་ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་གོང་མཐོར་གཏང་དགོས་ན། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་པར་བརྟེན། ཇི་ལྟར་མཐུན་སྒྲིལ་གོང་འཕེལ་དུ་གཏང་ངམ། ཞེ་ན། ཆོས་ལུགས་ཕན་ཚུན་བར་ལྟ་གྲུབ་མ་འདྲ་བ་ཡོད་ཀྱང་། ཆོས་ལུགས་ཡོངས་རྫོགས་ཀྱི་བསྒྲུབ་བྱ་བྱམས་པ་དང༌། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་སོགས་ཆོས་ལུགས་ཚང་མའི་ཐུན་མོང་གི་ཉམས་ལེན་མཐུན་པའི་ཆ་ཡིན་པས། ཆོས་ལུགས་ཚང་མ་ལ་ཐུན་མོང་གི་མཐུན་པའི་ཆ་རྐྱེན་གང་མང་ཡོད་པ་དེ་དག་གཞི་ལ་བཞག་ན། ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་གོང་འཕེལ་དུ་གཏང་རྒྱུ་དེ་ལས་སླ་བོ་ཡིན་པར་གསུང་བཞིན་པ་རེད། འོ་ན་ཆོས་ལུགས་མཐུན་སྒྲིལ་ཡར་རྒྱས་གོང་འཕེལ་དུ་གཏང་རྒྱུའི་ནུས་པ་ཆེ་ཤོས་ཡོད་མཁན་གཙོ་བོ་དེ་སུ་ཡིན་ནམ། ཞེ་ན། ཆོས་ལུགས་མཐུན་སྒྲིལ་ཡར་རྒྱས་གོང་འཕེལ་གཏང་རྒྱུའི་ནུས་པ་ཆེ་ཤོས་ཡོད་མཁན་གཙོ་བོ་དེ་ཆོས་པ་ཚོ་རེད། གལ་ཏེ་ཆོས་པ་ཚོས་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་དུ་མ་བཏང་ན། ཆོས་ཁས་མི་ལེན་མཁན་སོགས་ཀྱིས་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་དུ་གཏང་ཐུབ་མི་སྲིད་པ་རེད། དེའི་གནས་སྟངས་དེ་ང་ཚོ་ཚང་མས་ཤེས་རྟོགས་ཐུབ་པའི་ཆེད་དུ་དམིགས། ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས། ཁོང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་ཡིན། ཞེས་གསུངས་པ་རེད།
༣༽ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་པ་ནི། ྋགོང་ས་མཆོག་ཁོང་ཉིད་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཁོར་ཡུག་བཅས་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་གནང་རྒྱུ་དེ་ཁོང་གི་འགན་ཁུར་ཡིན་པར་གསུང་བཞིན་པ་དེ་རེད།
དེའི་སྐོར་ལ་ཞིབ་ཏུ་བསམ་བློ་བཏང་ན། བོད་ཀྱི་སྐད་ཡིག་འདི་བོད་མི་རིགས་ཀྱི་བླ་སྲོག་ཡིན་པ་རེད། དེའི་རྒྱུ་མཚན་ནི་དཔེར་ན། བོད་སྐད་མི་ཤེས་པའི་བོད་པ་ཞིག་ཡོད་ན། མི་དེ་ལ་ཕལ་ཆེར་བོད་མིའི་མཚན་ཉིད་མ་ཚང་བ་རེད། ཅེས་བརྗོད་ཆོག དེ་མཚུངས་དེང་སྐབས་ཚང་ལ་མ་ནོར་བའི་སངས་རྒྱས་ཀྱི་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུ་དེ་བོད་ཀྱི་སྐད་ཡིག་ནང་ཡོད་པ་རེད། ནང་པ་སངས་རྒྱས་ཀྱི་ཆོས་ལུགས་འདི་དེང་སྐབས་འགྲོ་བ་སེམས་ཅན་ལ་དགོས་མཁོ་ཡོད་དམ་མེད། ཅེས་དྲིས་ན། ནང་ཆོས་དེ་ད་ལྟའི་དུས་འདིར་སྤྱི་ཚོགས་ལ་དགོས་མཁོ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་པ་དེ་ཡོངས་གྲགས་རེད། དེ་ཡིན་ན་དེང་སྐབས་ནང་པ་སངས་རྒྱས་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་ཞིག་བོད་ཀྱི་སྐད་ཡིག་འདིའི་ནང་ཡོད་པ་རེད་ལ། གཙོ་བོ་ནང་ཆོས་ཀྱི་ཕྱོགས་སུ་འདས་པའི་ལོ་ངོ་སྟོང་ཕྲག་ལྷག་རིང་བོད་ཀྱི་སྐད་ཡིག་དེ་འཐུས་ཚང་དང་། ཡར་རྒྱས་བཏང་བ་ཞིག་རེད། དེར་བརྟེན་ད་ལྟའི་ཆར་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་འཆད་རྩོད་རྩོམ་གསུམ་གང་ཐད་ནས་འཐུས་སྒོ་ཚང་ཤོས་དང་། ཕུན་སུམ་ཚོགས་ཤོས་ཀྱི་སྐད་ཡིག་དེ་བོད་ཡིག་རེད། གལ་ཏེ་ད་ནས་བོད་ཀྱི་སྐད་ཡིག་འདི་ཉམས་ཆག་ཕྱིན་ན། དེའི་བརྗོད་བྱར་གྱུར་བའི་ཚང་ལ་མ་ནོར་བའི་ནང་ཆོས་འདི་ཡང་རང་བཞིན་གྱིས་ཉམས་ཆག་འགྲོ་རྒྱུ་རེད། མ་གཏོགས་ནང་ཆོས་ལ་བོད་ཀྱི་སྐད་ཡིག་གི་ཚབ་བྱེད་ཐུབ་པའི་སྐད་ཡིག་གཞན་གཅིག་ཀྱང་ད་ལྟ་འཛམ་གླིང་འདིར་ཡོད་པ་མ་རེད། དེར་བརྟེན་ནང་ཆོས་འདི་ད་ལྟ་ང་ཚོ་ནང་བཅུད་ཀྱི་སེམས་ཅན་ལ་དགོས་མཁོ་ཇི་ལྟར་ཆེ་བ་དེ་ཙམ་གྱིས། བོད་ཀྱི་སྐད་ཡིག་རིག་གཞུང་འདི་ཡང་ནང་བཅུད་ཀྱི་སེམས་ཅན་གྱི་དོན་དག་གལ་ཆེན་ཞིག་རེད།
དེ་བཞིན་བོད་མཐོ་སྒང་གི་ས་ཁུལ་ནི་འཛམ་གླིང་འདིའི་འགྲོ་བ་སེམས་ཅན་གྱི་ཚེ་སྲོག་ལ་ཕན་པའི་རྩི་ཤིང་སྨན་རིགས་སོགས་རང་བྱུང་གི་ཐོན་ཁུངས་གལ་ཆེན་ཞིག་ཡིན་པ་དང་། ལྷག་ཏུ་འཛམ་གླིང་གི་ཨེ་ཤ་ཡའི་ཆུ་བོ་ཆེན་པོ་གང་མང་གི་འབྱུང་ཁུངས་སུ་གྱུར་ཡོད་པས། བོད་མཐོ་སྒང་གི་ཁོར་ཡུག་ལ་ཉམས་ཆག་ཕྱིན་ན། དེ་ནི་འཛམ་གླིང་གི་ཕྱི་སྣོད་ཀྱི་གོད་ཆག་ཚབས་ཆེན་ཞིག་ཡིན་པ་རེད། དེར་བརྟེན་བོད་ཀྱི་སྐད་ཡིག་རིག་གཞུང་དང་། ཁོར་ཡུག་སྲུང་སྐྱོབས་བཅས་དང་། རྒྱ་ནག་དམར་པོའི་གཞུང་གི་གདུག་རྩུབ་བཙན་གནོན་གྱི་འོག་ནས་དེང་སྐབས་ྋགོང་ས་ྋསྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་ཁོང་ལ་རེ་བ་དང་། ཡིད་ཆེས་བྱས་དང་། བྱེད་བཞིན་པའི་བོད་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་དཀའ་སྡུག་སེལ་ཐབས་བྱ་རྒྱུ་དེ་གཡོལ་ཐབས་མེད་པའི་བསྒྲུབ་བྱ་གལ་ཆེན་ཞིག་ཡིན་པ་ང་ཚོ་ཚང་མས་ཤེས་རྟོགས་ཐུབ་ཆེད་དུ་དམིགས་ནས། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཞལ་སྔ་ནས། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཁོར་ཡུག་བཅས་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་གནང་རྒྱུ་དེ་ཁོང་གི་འགན་འཁྲི་ཡིན་པར་གསུང་བཞིན་པ་རེད།
འོན་ཀྱང་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ཁོང་གིས་ལྷག་བསམ་རྣམ་དག་གིས་རང་འཁྲིའི་ཕྱག་ལས་འདི་ལྟར་གནང་སྐབས། བཙན་འཛུལ་རྒྱ་ནག་དམར་པོའི་སྲིད་གཞུང་གིས། དེ་ནི་སྤྱི་ཚོགས་རྙིང་པའི་བྲན་གཡོག་ལམ་ལུགས་བསྐྱར་གསོའི་ཆེད་རེད། ཟེར་བ་སོགས་དང་། ཁ་བྲལ་གྱི་ལས་འགུལ་སྤེལ་བཞིན་འདུག་ཟེར་བ་སོགས་དང་། ྋགོང་ས་མཆོག་ལ་བོད་དོན་དུ་ཕྱག་ལས་གནང་རྒྱུའི་ཐོབ་ཐང་མེད་ཟེར་བ་སོགས་ལོག་བཤད་འབུམ་ཕྲག་མང་པོ་སྤེལ་ནས། ལོ་ངོ་ཧྲིལ་བོ་༦༠་ལྷག་འགྲོ་བཞིན་ཡོད་ཀྱང་། དངོས་ཡོད་གནས་ཚུལ་ལ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཞིག་ཡིན་པ་དང་། ཁོང་ནི་བོད་མི་རིགས་ཀྱི་བླ་ན་མེད་པའི་ཁྲིམས་མཐུན་གྱི་དབུ་ཁྲིད་ཡིན་པ་དང་། ཁོང་ནི་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་མཆོག་སྐུ་འཕྲེང་བཅུ་བཞི་བ་ཆེན་པོ་ཡིན་པ་དང་། བཙན་འོག་གི་གཞིས་ལུས་བོད་རྒྱ་ཆེའི་མང་ཚོགས་དང་། བཙན་བྱོལ་དུ་གནས་པའི་བོད་རིགས་མང་ཚོགས་བཅས་མི་མང་བརྒྱ་ཆ་དགུ་བཅུ་གོ་དགུ་ལྷག་གིས་ཁོང་ལ་ཡིད་ཆེས་བློ་གཏད་གཙང་མ་བྱེད་བཞིན་པ་སོགས། དངོས་ཡོད་གནས་ཚུལ་གྱི་ཆ་ནས་དང་། བྱུང་རབས་ལོ་རྒྱུས་རིག་པའི་གཞུང་ལུགས་ཀྱི་ཆ་ནས་དང་། ཁྲིམས་ལུགས་རིག་པའི་གཞུང་ལུགས་ཀྱི་ཆ་ནས་དང་། འབྲེལ་ཡོད་རྒྱ་ཆེའི་མང་ཚོགས་ཀྱི་ཡིད་ཆེས་རེ་ལྟོས་ཀྱི་ཆ་ནས་སོགས་ཕྱོགས་གང་ནས་བལྟས་ཀྱང་། ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ཁོང་གིས་བོད་ཀྱི་སྣོད་བཅུད་གཉིས་སྐྱོབས་ཐབས་སུ་ཁོང་གིས་རང་འཁྲིའི་ཕྱག་ལས་གནང་བཞིན་པ་འདི་ནི་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ལུགས་དང་། བྱུང་རབས་ལོ་རྒྱུས་སོགས་ཐམས་ཅད་དང་ཡོངས་སུ་མཐུན་པས། ཐུགས་བསྐྱེད་དམ་བཅའ་གསུམ་པ་དེ་ྋགོང་ས་མཆོག་གི་འགན་དབང་ཡིན་པ་དང་། དེ་ལྟར་བོད་མི་ཡོད་དོ་ཅོག་གིས་ནུས་ཤུགས་ཡོད་རྒུ་རྩལ་སྤྲུག་དགོས་པ་སོགས་གསལ་བོ་ཤེས་རྟོགས་འབྱུང་ཆེད་དུ་དམིགས། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས། ཁོང་ཉིད་བོད་མི་ཞིག་ཡིན་པ་དང་། ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཁོར་ཡུག་བཅས་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་ཞེས་སོགས་རླབས་ཆེན་བཀའ་སློབ་ལམ་སྟོན་ཕེབས་བཞིན་པ་དེ་ང་ཚོ་ཚང་མས་གསལ་བོ་ཤེས་དགོས་པ་རེད།
༤༽ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་ནི། ྋགོང་ས་མཆོག་ཁོང་ཉིད་རྒྱ་གར་གནའ་རབས་ཀྱི་རིག་གཞུང་གི་རྗེས་འབྲང་པ་ཞིག་ཡིན་པའི་ཆ་ནས། རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པ་དང་། ཚད་མའི་རྣམ་གཞག། ལྟ་གྲུབ་དང་འབྲེལ་བའི་སྒོམ་སྒྲུབ། ཆོས་ལུགས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་བཅས་དེང་གི་ཤེས་ཡོན་ལམ་ལུགས་དང་མཉམ་སྦྲེལ་གྱིས་རྒྱ་གར་ནང་བསྐྱར་གསོ་བྱས་ཏེ། བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་གནང་རྒྱུ་དེ་རེད།
ྋགོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་འདིའི་ཕྱོགས་ལ་ང་ཚོས་ཞིབ་འཇུག་དང་། བསམ་བློ་གཏང་རྒྱུ་ནི་ཧ་ཅིང་གལ་ཆེན་ཡིན་པ་དང་། དེ་ཡང་ཐོག་མར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོའི་ནང་གི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཁག་ནས་བཟུང་སྟེ། ཆུང་ས་ནས་སློབ་ཆུང་བར་གྱི་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་འདི་གཅིག་པུས་ང་ཚོས་དགོས་མཁོ་སྐོང་ཐུབ་ཀྱིན་འདུག་གམ་མི་འདུག དེ་ལ་ང་ཚོས་ཞིབ་ཏུ་བསམ་བློ་གཏང་དགོས་པ་རེད། འདིའི་ཕྱོགས་ལ་ང་ཚོས་བསམ་བློ་ཡག་པོ་ཞིག་གཏང་ཤེས་ན། དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་འདི་ང་ཚོར་མི་དགོས་གསུང་གི་ཡོད་པ་མ་རེད། དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་འདི་ང་ཚོར་དགོས་ངེས་ཅན་རེད། འོན་ཀྱང་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་འདི་གཅིག་པུས་ང་ཚོར་འདང་གི་མི་འདུག་གསུང་བཞིན་ཡོད་པ་རེད། ཕྱིའི་དངོས་པོ་གཙོ་བོར་འཛིན་པའི་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་འདི་གཅིག་པུའི་ཐོག་ང་ཚོ་མུ་མཐུད་དེ་ཕྱིན་ན། ད་ལྟ་ནས་ང་ཚོ་གནས་སའི་འཛམ་གླིང་འདི་བྱམས་བརྩེ་དང་། ལྷག་བསམ། དྲང་བདེན་གྱིས་འཕོངས་པའི་འཛམ་གླིང་ཞིག་ཏུ་འགྱུར་བཞིན་པ་དེ་ང་ཚོས་མཐོང་བཞིན་པ་འདི་རེད།
འོ་ན་འཛམ་གླིང་ལ་བྱམས་བརྩེ་དང་། ལྷག་བསམ། དྲང་བདེན་སོགས་ཡར་རྒྱས་གཏང་དགོས་ན་ཇི་ལྟར་བྱེད་དམ། དེ་དག་ང་ཚོས་གང་ནས་རག་གམ་ཞེ་ན། དེ་ཚོ་ཚོང་ཁང་སོགས་ནས་ཉོ་རྒྱུ་མེད་ལ། རྩི་ཤིང་ནགས་ཚལ་ལྟར་ས་ནས་སྐྱེ་མི་སྲིད་ལ། ཆར་ཆུ་ལྟར་ནམ་མཁའ་སོགས་ནས་འབྱུང་མི་སྲིད། འོ་ན་ཇི་ལྟར་བྱེད་དམ་ཞེ་ན། སེམས་ཁམས་རིག་པ་ཁོ་ན་ལ་བརྟེན་ནས་ཡར་རྒྱས་གཏང་རྒྱུ་དེ་རེད། སེམས་ཁམས་རིག་པའི་སྐོར་ལ་ཆེད་མཁས་པ་རྒྱ་གར་གྱི་སྔོན་བྱོན་མཁས་དབང་ཚོས་མཛད་པའི་སེམས་ཁམས་རིག་གཞུང་ཕྱུག་པོ་གང་མང་ཡོད་པ་རེད། དེར་བརྟེན་རྒྱ་གར་ནི་གནའ་བོའི་སེམས་ཁམས་རིག་གཞུང་ཕྱུག་ཤོས་ཀྱི་རྒྱལ་ཁབ་ཅིག་རེད། དེར་བརྟེན་རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པའི་གཞུང་ལུགས་ནང་ཤེས་ཡོན་གང་མང་ཞིག་ང་ཚོར་ལེན་རྒྱུ་ཡོད་པ་རེད། སེམས་ཁམས་རིག་པའི་གཞུང་ལུགས་ནང་གསལ་བའི་ཤེས་ཡོན་དང་། དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་གཉིས་ཟུང་འབྲེལ་བྱས་ན་ང་ཚོར་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་འབྱུང་རྒྱུ་ཡོད་པར་བརྟེན། དེ་འབྱུང་བ་ལ་ཐོག་མར་རྒྱ་གར་ནང་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བྱེད་དགོས་པར་གཟིགས་ནས། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས། རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པ་དང་། ཚད་མའི་རྣམ་གཞག ལྟ་གྲུབ་དང་འབྲེལ་བའི་སྒོམ་སྒྲུབ། ཆོས་ལུགས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་བཅས་དེང་གི་ཤེས་ཡོན་ལམ་ལུགས་དང་མཉམ་སྦྲེལ་གྱིས་རྒྱ་གར་ནང་བསྐྱར་གསོ་བྱ་རྒྱུ་ཞེས་སོགས་གསུང་བཞིན་པ་རེད།
འོ་ན་རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པ་དང་། ཚད་མའི་རྣམ་གཞག། ལྟ་གྲུབ་དང་འབྲེལ་བའི་སྒོམ་སྒྲུབ། ཆོས་ལུགས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་བཅས་དེང་གི་ཤེས་ཡོན་ལམ་ལུགས་དང་མཉམ་སྦྲེལ་གྱིས་རྒྱ་གར་ནང་བསྐྱར་གསོ་སུས་བྱེད་དམ། དེ་འདྲ་ཞིག་བྱེད་མཁན་དེ་གང་འདྲ་ཞིག་དགོས་སམ། ཞེ་ན། དེ་ནི་རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པའི་གཞུང་ལུགས་སོགས་ལ་ཆེད་མཁས་པ་ཞིག་གམ། དེ་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་དགོས་པ་རེད། མ་གཏོགས་རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་གཞུང་ལ་རྒྱུས་མངའ་མེད་མཁན་ཞིག་གིས་རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པའི་གཞུང་ལུགས་བསྐྱར་གསོ་དང་། ཡར་རྒྱས་ནམ་ཡང་གཏང་ཐུབ་རྒྱུ་མ་རེད།
གནས་སྟངས་དེ་དག་ང་ཚོས་གསལ་བོ་ཤེས་ཆེད་དུ་དམིགས་ནས། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་ཞལ་སྔ་ནས། ྋགོང་ས་མཆོག་ཁོང་ཉིད་རྒྱ་གར་གནའ་རབས་ཀྱི་རིག་གཞུང་གི་རྗེས་འབྲང་པ་ཞིག་ཡིན་པའི་ཆ་ནས། རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པ་དང་། ཞེས་སོགས་གསུངས་པ་རེད། དེ་ལྟ་བུའི་ཚིག་ཟུར་ཙམ་ལ་ཡང་ཧ་ཅང་གོ་རྒྱུ་ཆེན་པོ་ཡོད་པ་རེད།
དེའི་ཕྱིར་མདོར་བསྡུས་ན་བཤད་ན། སྤྱི་ནོར་ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་ང་ཚོས་རྟག་ཏུ་བཀའ་དྲིན་རྗེས་དྲན་ཞུ་དགོས་ལ། བཀའ་དྲིན་རྗེས་དྲན་ཞུ་སྟངས་དེ་ཡང་ྋགོང་ས་མཆོག་གི་སྐུ་པར་སོགས་ཀྱི་མདུན་དུ་ཕྱག་མཆོད་འབུལ་དང་། སྐྱབས་སུ་མཆི། ཞུ་རྒྱུ་ཙམ་ཡང་ཧ་ཅང་སྐལ་བ་བཟང་པོ་ཡིན་ཡང་། དེ་ཙམ་གྱིས་མི་ཆོག་པར། ང་ཚོ་ཚང་མས་དུས་དང་རྣམ་པ་ཀུན་ཏུ་ྋགོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གྱི་ནང་དོན་ལ་སློབ་སྦྱོང་བྱ་རྒྱུ་དང་། སློབ་སྦྱོང་བྱས་ནས་བཀའ་སློབ་ལམ་སྟོན་རྣམས་ཀྱི་ནང་དོན་ལག་བསྟར་འདེབས་རྒྱུ་དེ་ྋགོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་སྟངས་ཡག་ཤོས་དེ་རེད། དེ་ལྟར་ང་ཚོས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དེ་ཡང་ྋགོང་ས་མཆོག་ཁོང་གི་ཆེད་མིན་པར་དེ་ནི་ཁ་ཡོད་ལག་ཡོད་ཀྱིས་ང་རང་ཚོ་སྤྱི་སྒེར་ཚང་མ་ལ་ཕན་ཐོགས་རྒྱ་ཆེན་འབྱུང་བའི་གཞི་རྩ་ཞིག་ཏུ་གྱུར་ཡོད།
དེ་ལྟར་གྱུར་ཡོད་མེད་གསལ་པོ་ཤེས་རྟོགས་འབྱུང་ཆེད་དུ་གོང་དུ་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ཡིད་བཞིན་ནོར་བུའི་ཐུགས་བསྐྱེད་དམ་བཅའ་བཞི་པོ་དེ་དག་གང་ཡིན་དང་། ཐུགས་བསྐྱེད་དམ་བཅའ་བཞི་པོ་དེ་དག་གི་སྐབས་བབ་བསྒྲུབ་བྱ་གང་ཡིན་དང་། ཐུགས་བསྐྱེད་དམ་བཅའ་བཞི་པོ་དེ་དག་ཇི་ལྟར་བསྒྲུབ་དང་། ཐུགས་བསྐྱེད་དམ་བཅའ་བཞི་པོ་དེ་དག་རེ་རེ་ནས་སྒྲུབ་པ་པོའི་གང་ཟག་ག་འདྲ་ཞིག་དགོས་མིན་དང་། ཐུགས་བསྐྱེད་དམ་བཅའ་བཞི་པོ་དེ་དག་ཚུལ་བཞིན་བསྒྲུབས་ན་དེ་དག་རེ་རེའི་ཕན་ཐོགས་ཀྱི་འབྲས་བུ་སུ་དང་སུ་ལ་འབྱུང་གིན་ཡོད་མེད་སོགས། འདིར་ཁུངས་ལུང་ར་སྤྲོད་མདོར་བསྡུས་ཙམ་བྱས་ཡོད་པ་འདི་ལ་ཚང་མས་གཟིགས་ཞིབ་གནང་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན།
མདོར་ན་ད་ནས་བཟུང་བོད་མི་རིགས་ཀྱི་བདེན་མཐའ་གསལ་ཐུབ་མི་ཐུབ་དང་། བོད་མི་རིགས་རིག་གཞུང་བཅས་འཆི་གསོན་གང་གི་ཕྱོགས་སུ་འགྲོ་མིན་སོགས་ནི། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ཡིད་བཞིན་ནོར་བུའི་རླབས་ཆེན་གྱི་བཀའ་སློབ་ལམ་སྟོན་དུས་ཐོག་ཆར་བ་ལྟ་བུ་རྣམས། དུས་ཐོག་སོ་སོར་བོད་གཞུང་མང་གཉིས་ཀྱིས་ལག་བསྟར་འདེབས་ཐུབ་མིན་དང་། ལག་བསྟར་ལ་ཐེབས་མིན་བཅས་ལ་གཙོ་བོ་རག་ལས་ཡོད་པ་ང་ཚོ་ཚང་མས་ཤེས་དགོས།
མདོར་ན་ྋགོང་ས་མཆོག་གི་རླབས་ཆེན་བཀའ་སློབ་ལམ་སྟོན་ཇི་བཞིན་བོད་མི་ཚོས་ལག་བསྟར་འདེབས་ཐུབ་ན་ནི། ང་ཚོ་བོད་མི་རིགས་འདི་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་མདུན་བསྐྱོད་བྱ་ངེས་རེད།
གལ་ཏེ་ྋགོང་ས་མཆོག་གི་རླབས་ཆེན་བཀའ་སློབ་ལམ་སྟོན་ཇི་བཞིན་ང་ཚོ་བོད་མི་ཚོས་ལག་བསྟར་འདེབས་མ་ཐུབ་ན། དེའི་ཉིན་མོ་དེ་ནས་བཟུང་སྟེ། ང་ཚོ་བོད་མི་རིགས་འདི་ཕམ་ཁ་ནས་ཕམ་ཁའི་ཕྱོགས་སུ་བསྐྱོད་རྒྱུ་མ་གཏོགས་འགྲོ་ལམ་གཞན་མེད་ངེས་ཡིན་པས། མཐར་གཏུགས་ན་བོད་པ་མི་རེ་ངོ་རེ་བྱས་ཏེ། བསམ་བློ་ཞིབ་ཏུ་གཏང་དགོས་ཚོད་དུ་སླེབས་ཡོད།
མཐར་སྤྱི་ནོར་ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་ྋརྒྱལ་དབང་ཡིད་བཞིན་ནོར་བུ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་ཞིང་། འཛམ་གླིང་ཞི་བདེ་སོགས་ཁོང་གི་རླབས་ཆེན་བཞེད་དོན་མཐའ་དག་གེགས་མེད་བདེ་བླག་མྱུར་འགྲུབ་འབྱུང་བར་སྨོན་འདུན་ཤུགས་དྲག་བཅས་བོད་རབ་གནས་ལྕགས་བྱི་ལོའི་ཟླ་༡༠་ཚེས་༤་དང་། ཕྱི་ལོ་༢༠༢༠་ཟླ་༡༡་ཚེས་༡༨་རེས་གཟའ་ལྷག་དཀར་ཉིན་ཕྲན་དགའ་ལྡན་ཁྲི་ཐོག་༡༠༤་པ་ཁྲི་བློ་བཟང་བསྟན་འཛིན་པས་ལྷག་བསམ་དང་བ་ཆེན་པོས་སྤེལ་བ་དགེའོ།།