ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ རིན་པོ་ཆེ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བཀའ་སློབ་གནང་བའི་སྙིང་དོན། ༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་ནས་དང་པོ་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་རེད། བར་སྐབས་ནས་འགྲོ་བ་མིའི་བཟང་སྤྱོད་ཉམས་ཆག་ཕྱིན་པར་བརྟེན་འགྲོ་བ་མིའི་ནང་དཀའ་ངལ་འཕར་མ་ཞིག་འཕྲད་བཞིན་ཡོད། དཔེར་ན། འདས་པའི་དུས་རབས་ཉི་ཤུ་ནང་འཛམ་གླིང་དམག་ཆེན་ཐེངས་འགའ་ཤས་བྱུང་སྟེ་བྱིས་པ་མང་པོ་ཞིག་ཕ་མེད་དྭ་ཕྲུག་ལྷག་པ་དང་། དེ་བཞིན་རྒས་འཁོགས་མང་པོ་ཞིག་ལ་ལྟ་སྐྱོང་བྱེད་མཁན་མེད་པའི་དཀའ་ངལ་མང་དག་ཅིག་བྱུང་བ་རེད། དེར་བརྟེན་འགྲོ་བ་མིས་བཟོས་པའི་དཀའ་ངལ་དེ་དག་མི་རང་ཉིད་ཀྱིས་སེལ་ཐབས་བྱེད་དགོས་པ་དང་། དཀལ་ངལ་དེ་དག་སེལ་བར་བཟང་སྤྱོད་དང་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་དགོས། བཟང་སྤྱོད་དང་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་པར་འཛམ་གླིང་འདིའི་སྟེང་གི་མི་འབོར་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་གིས་ངོས་ལེན་དང་ཁས་ལེན་བྱེད་ཐུབ་པའི་བཟང་སྤྱོད་ཅིག་ལམ་སྟོན་གནང་དགོས་ཀྱི་ཡོད་སྟབས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ལམ་སྟོན་མཛད་ཡོད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ནི། ད་ལྟའི་ཆར་རིག་པའི་གཞུང་ལུགས་ཧ་ཅང་རྒྱ་ཆེན་པོ་ཞིག་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་བསླབ་གཞི་གཏན་འབེབས་གནང་བ་ལྟར་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་སློབ་ཁྲིད་གནང་བཞིན་ཡོད།
འཛམ་གླིང་འདིའི་སྟེང་ཆོས་ལུགས་གཅིག་གིས་འགྲོ་བ་མི་ཡོངས་ཀྱི་དགོས་མཁོ་སྒྲུབ་ཐུབ་རྒྱུ་ཁག་པོ་ཡིན་སྟབས། ཆོས་ལུགས་འདྲ་མིན་སྣ་ཚོགས་དགོས་ཀྱི་ཡོད། དེ་བཞིན་འགྲོ་བ་མིའི་ཁམས་དང་མོས་པ་སྣ་ཚོགས་ཡོད་པར་བརྟེན་འཛམ་གླིང་ནང་ཆོས་ལུགས་སྣ་ཚོགས་གསར་གཏོད་བྱས་ཡོད།
ཆོས་ལུགས་ཀྱིས་ང་ཚོར་ཞབས་འདེགས་སྒྲུབ་དགོས་པ་ལས་ང་ཚོས་ཆོས་ལུགས་ཀྱི་དོན་དུ་ཞབས་འདེགས་བསྒྲུབས་ནས་སྐབས་རེ་འཁྲུག་པ་བརྒྱབ་པ་ནི། ཆོས་ལུགས་ཀྱིས་མིའི་དགོས་མཁོ་མ་སྒྲུབ་པར་མིས་ཆོས་ལུགས་ཀྱི་དགོས་མཁོ་བསྒྲུབས་པ་ལྟ་བུ་ཆགས་ཀྱི་རེད། དེར་བརྟེན་ཆོས་ལུགས་ཚང་མར་བརྩི་བཀུར་བྱེད་དགོས།
བོད་ཀྱི་ཕ་མེས་ཡང་མེས་ནས་བརྒྱུད་པའི་གཡུང་དྲུང་བོན་ལ་མཚོན་ན། ལོ་རྒྱུས་ཡུན་རིང་དང་ལྡན་པ་མི་ལོ་ ༡༨༠༠༠ གོང་ནས་བྱུང་བ་ང་ཚོའི་དཔེ་ཆ་ཁག་གི་ནང་གསུངས་ཡོད། ང་ཚོ་ཆོས་ལུགས་པ་ཞིག་ཡིན་སྟབས། དེ་དག་ལ་ཡིད་ཆེས་བྱེད་དགོས་ཀྱི་ཡོད། ལོ་རྒྱུས་ཇི་ཙམ་རིང་པོ་ཡོད་ནའང་བོད་མི་རིགས་ཀྱི་གཟི་བརྗིད་ཡིན་མ་གཏོགས་དེ་ལ་ཞབས་འདྲེན་སོགས་གང་ཡང་ཆགས་ཀྱི་མ་རེད། དེ་བཞིན་བོད་བརྒྱུད་ནང་བསྟན་ལ་མཚོན་ན། འཛམ་གླིང་ནང་དོ་སྣང་དང་། འཛམ་གླིང་ལ་ཕན་བདེ་སྒྲུབ་ཐུབ་པ་དང་དགོས་མཁོ་བཀང་ཐུབ་པའི་གཟི་བརྗིད་མང་དག་ཅིག་ཡོད། དེ་དག་བདག་པོ་རྒྱག་དགོས་པ་མ་ཟད། མི་ཉམས་གོང་སྤེལ་དང་། ཉམས་པ་སླར་གསོ་སླད་ཐུགས་འགན་བཞེས་དགོས།
སྤྱིར་རིག་གཞུང་ལ་དབྱེ་ན་མང་པོ་ཡོད་ཀྱང་བོད་ཀྱི་སྐད་དང་ཡི་གེ་ནི་ཧ་ཅང་གལ་ཆེན་པོ་རེད། ད་བར་བོད་ཀྱི་སྐད་དང་ཡི་གེ་མི་ཉམས་རྒྱུན་འཛིན་ཐུབ་པ་ནི་མི་རབས་གོང་མ་དང་རྒན་པ་རྣམས་ཀྱི་བདག་པོ་བརྒྱབ་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། ད་དུང་ཡིན་ནའང་མ་འོངས་པའི་མི་རབས་རྣམས་ལ་རྩིས་སྤྲད་ནས་མི་རབས་ནས་མི་རབས་བདག་པོ་བརྒྱབ་དགོས་རྒྱུ་གལ་ཆེན་པོ་རེད།
སའི་འོག་ནས་གཏེར་ཁ་སྔོག་འདོན་བྱེད་པ་ཡིན་ན། ཁོར་ཡུག་གཏོར་བཤག་འགྲོ་ཡི་ཡོད། ས་བཅུད་ཉམས་པའི་དབང་གིས་འབྱུང་བའི་གནོད་པ་ས་འགུལ་དང་། ཆུ་ལོག་སོགས་ཡོང་གི་ཡོད། དེ་དག་མི་ཡོང་སླད་ཁོར་ཡུག་བདག་པོ་རྒྱག་དགོས། བོད་ཡུལ་ནི་ཆུ་བོ་ཆེན་པོའི་འབྱུང་ཁུངས་ཡིན། བོད་ཀྱི་ཆུ་བོ་ཁག་འབགས་བཙོག་བྱེད་པ་ཡིན་ན་འཛམ་གླིང་ནང་མི་མང་པོ་ཞིག་ལ་གནོད་འཚེ་ཡོང་གི་རེད། དེ་བཞིན་གོ་ལའི་ཚ་དྲོད་རྒྱས་པ་ལ་བརྟེན་ནས་དཀའ་ངལ་འཕྲད་བཞིན་ཡོད་སྟབས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད།
དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འདི་རྒྱ་གར་ནས་བྱུང་བ་ཡིན་ནའང་དེང་སྐབས་རྒྱ་གར་ནང་ཕྲན་བུ་ཉམས་ཆག་ལྟ་བུ་ཕྱིན་ཡོད་པར་བརྟེན་རྒྱ་གར་བ་རྣམས་ནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་སླད་མཛད་འགན་བཞེས་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རླབས་ཆེན་གྱི་ཐུགས་བསྐྱེད་དམ་བཞིའི་ཐོག་བཀའ་སློབ་སྩལ་བ་ཁག་ང་ཚོ་ཚང་མས་འགན་བཞེས་པའི་ཐོག་ནས་ཕྱག་བསྟར་གནང་ཐུབ་པ་ཡིན་ན། ༸རྒྱལ་བའི་བཀའ་བསྒྲུབས་པ་དང་། བཀའ་དྲིན་རྗེས་དྲན་ཡང་དག་པ་ཞིག་ཆགས་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།