ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །སྐུ་ཞབས་སར་ཇེའུ་སི་ཨེལ་ཀུཛ་མིན་ (Dr.Sergius L. Kuzmin) ལགས་ཀྱིས་ཨུ་རུ་སུའི་སྐད་ཡིག་ཐོག་བྲིས་པའི་མངོན་པར་མི་གསལ་བའི་བོད་ (Hidden Tibet) ཅེས་པའི་དཔེ་དེབ་པར་ཐེངས་གསར་པ་དབུ་འབྱེད་གནང་ཡོད།
དེ་ཡང་སྐུ་ཞབས་སར་ཇེའུ་སི་ཨེལ་ཀུཛ་མིན་ལགས་ཀྱིས་གསུང་དོན། ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་གནད་དོན་མང་པོ་ཞིག་བོད་དང་འཛམ་གླིང་ནང་བྱུང་ཡོད་པ་དང་། གནད་དོན་དེ་དག་གི་སྐོར་བགྲོ་གླེང་གནང་དགོས་པ་ཆགས་ཡོད། ཅེས་དང་། ཐེངས་འདིའི་པར་ཐེངས་གསར་པའི་དཔེ་དེབ་ནང་ཕྱི་ལོ་ ༢༠༡༠ ནས་ ༢༠༡༩ ལོའི་བོད་ (Tibet in 2010–2019) ཅེས་པའི་ལེའུ་གསར་པ་ཞིག་ཁ་སྣོན་བྱས་ཡོད་པ་མ་ཟད། པར་རིས་གསར་པ་ཁ་ཤས་ཤིག་ཀྱང་ཁ་སྣོན་བྱས་ཡོད། བོད་ནི་ཧ་ཅང་རྟོགས་དཀའ་བའི་ཡུལ་གྲུ་ཞིག་ཡིན་པ་དང་། གནད་དོན་མང་པོ་ཞིག་བོད་ཀྱི་ལོ་རྒྱུས་ནང་མངོན་པར་གསལ་མེད། ཅེས་གསུངས།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས། སྐུ་ཞབས་སར་ཇེའུ་སི་ཨེལ་ཀུཛ་མིན་ལགས་ཀྱིས་སྐུ་ལས་བསྐྱོན་ཏེ་དཔེ་དེབ་བྲིས་གནང་བར་རྗེས་སུ་ཡི་རང་ཞུས་ཡོད་པ་མ་ཟད། དཔེ་དེབ་དེ་ནི་དེང་སྐབས་བོད་ཀྱི་གནད་དོན་སྐོར་བྲིས་པའི་དཔེ་དེབ་ཡག་ཤོས་ཀྱི་གྲས་ཡིན། ཞེས་དང་། དཔེ་དེབ་དེའི་ནང་ལོ་ངོ་བཅུ་ཕྲག་གཅིག་གོང་གི་བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད་སྐོར་ཚུད་ཡོད། ལེའུ་གསར་པ་ཞིག་ཁ་སྣོན་བྱས་པ་དེས་མང་ཚོགས་སྤྱི་དང་། ལྷག་པར་བོད་རིག་པའི་སྐོར་ཞིབ་འཇུག་གནང་མཁན་དང་རྩོམ་པ་པོ་སོགས་ལ་ཕན་ཐོགས་ངེས་ཅན་འབྱུང་ངེས་ཡིན། དཔེ་དེབ་རྩོམ་པ་པོས་རྒྱ་ནག་དེ་སྔ་སོག་པོའི་ཡོན་རྒྱལ་རབས་དང་མན་ཇུའི་ཆིན་རྒྱལ་རབས་ཀྱི་མངའ་ཁོངས་སུ་ཡིན་པའི་སྐབས་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཕྱིས་སུ་རྒྱ་ནག་དམར་ཤོག་གཞུང་གིས་བོད་དབང་སྒྱུར་བྱས་པ་རེད། ཅེས་བཀོད་ཡོད་པ་རེད། ཅེས་གསུངས།
མངོན་པར་མི་གསལ་བའི་བོད་ཅེས་པའི་དཔེ་དེབ་དེ་ཕྱི་ལོ་ ༢༠༡༠ ལོར་སྐུ་ཞབས་སར་ཇེའུ་སི་ཨེལ་ཀུཛ་མིན་ལགས་ཀྱིས་ཐོག་མར་བྲིས་ཏེ་པར་སྐྲུན་བྱས་ཡོད། ཕྱིས་སུ་དཔེ་དེབ་དེ་ཨིན་ཡིག་དང་། རྒྱ་ཡིག སོག་ཡིག བོད་ཡིག་བཅས་ཀྱི་སྐད་ཡིག་ཏུ་བསྒྱུར་ཡོད། པར་ཐེངས་གསར་པའི་དཔེ་དེབ་དེ་བཞིན་ཕྱི་ལོ་ ༢༠༡༠ ལོའི་དཔེ་དེབ་ལ་ཁ་སྣོན་བྱས་པ་ཞིག་ཡིན་པ་བཅས།།