ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཀེ་པི་ཊོལ་ཧིལ་དུ་ཨ་རིའི་ཡུ་ཊ་ (Utah) མངའ་སྡེའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་བྷེན་མེག་ཨེ་ཌམ་ (Ben McAdam) མཆོག་དང་མཇལ་འཕྲད་གནང་ཡོད།
དེ་ཡང་ཀེ་པི་ཊོལ་ཧིལ་ནི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འདི་ལོའི་ཕྱི་ཟླ་ ༣ ནས་བཟུང་གྲོས་ཚོགས་འཐུས་མི་ཕེབས་རོགས་མེད་ན་མ་གཏོགས་མུ་མཐུད་སྒོ་བརྒྱག་རྒྱུ་ཡིན་འདུག
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་བྷེན་མེག་ཨེ་ཌམ་མཆོག་ནི་བོད་ཀྱི་གྲོགས་པོ་དང་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན། སྟབས་མ་ལེགས་པ་ཞིག་ལ་ཉེ་ལམ་ཨ་རིའི་གྲོས་ཚོགས་ཀྱི་འོས་བསྡུ་སྐབས་ཁོང་ལ་རྒྱལ་ཁ་ཐོབ་མེད།
ཐེངས་འདིར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཨ་རིའི་གྲོས་ཚོགས་མཐུས་མི་ཁོང་དང་མཇལ་འཕྲད་གནང་དགོས་དོན་ནི། ཁོང་གིས་ད་བར་བོད་དོན་ལ་རྒྱབ་སྐྱོར་གཡོ་བ་མེད་པར་གནང་དང་གནང་མུས་ཡིན་པར་ཐུགས་རྗེ་ཆེ་ཞུ་རྒྱུའི་ཆེད་ཡིན། སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཁོང་ལ་ཁ་བཏགས་དང་སྟོན་པའི་སྐུ་ཐང་ཞིག་ཕུལ་ཏེ་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། སྐུ་ཞབས་མེག་ཨེ་ཌམ་ལགས་ཀྱིས་བོད་དོན་སླད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་ཡོད་པ་བཅས། །