ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༩ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་དྲ་རྒྱ་བརྒྱུད་ ༡༩༥༩ ལྷ་ས་ (Tibet in Agony – Lhasa 1959) ཞེས་པའི་དཔེ་དེབ་སྐོར་བགྲོ་གླེང་ཚོགས་ཡོད།
དེ་ཡང་ ༡༩༥༩ ལྷ་ས་ཞེས་པའི་དཔེ་དེབ་དེ་ནི་རྒྱ་རིགས་རྩོམ་པ་པོ་ལི་ཅང་ལིན་ (LiJianglin) ལགས་ཀྱིས་བརྩམས་གནང་ཞིང་། སུ་སན་ཝིལ་ཧྥི་ (Susan Wilf) ལགས་ཀྱིས་ཨིན་བསྒྱུར་ཞུས་པ་དང་། ཧར་ཝར་ཌི་མཐོ་སློབ་ཀྱི་པར་སྐྲུན་ཚན་པས་ (Harvard University Press) པར་སྐྲུན་གནང་ཡོད།
གཞན་ཡང་བྱམས་པ་བསྟན་འཛིན་ལགས་ཀྱིས་བོད་བསྒྱུར་ཞུས་ཏེ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་གནང་ཡོད། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་བོད་མི་གཞོན་སྐྱེས་རྣམས་ནས་དཔེ་དེབ་དེ་ཀློག་དགོས་པའི་གལ་གནད་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམག་གིས་བོད་མི་སྡེབ་གསོད་བཏང་བའི་སྐབས་བྱུང་བའི་གནས་ཚུལ་སོགས་ཀྱི་སྐོར་གསུངས་ཡོད།
རྩོམ་པ་པོ་ལི་ཅང་ལིན་ལགས་ཀྱིས་དཔེ་དེབ་དེའི་སྐོར་བགྲོ་གླེང་ཞིབ་ཕྲ་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་ཡོད། དེ་བཞིན་སུ་སན་ཝིལ་ཧྥི་ལགས་ཀྱིས་དཔེ་དེབ་དེ་ཕབ་བསྒྱུར་ཞུས་ཏེ་རང་ཉིད་ཀྱི་མི་ཚེར་འགྱུར་ལྡོག་ཕྱིན་པའི་མྱོང་ཚོར་སྐོར་གཏམ་བཤད་དང་དྲི་བ་དྲི་ལན་གནང་གནང་ཡོད།
ལི་ཅང་ལིན་ལགས་ཀྱིས་ཕྱི་ལོ་ ༡༩༥༩ ལོའི་ཟླ་བ་ ༣ པའི་ཞི་རྒོལ་སྐབས་རྒྱ་དམར་གྱིས་བོད་མི་དམར་གསོད་བཏང་བའི་ཁྲོད་ནས་གསོན་པོར་གནས་པའི་བོད་མི་མང་པོའི་ལོ་རྒྱུས་དང་། དམར་གསོད་ནང་ཞུགས་མཁན་རྒྱ་ནག་གི་བཅིངས་འགྲོལ་དམག་གི་གསང་བའི་ཡིག་ཆ་རྣམས་ལ་ཞིབ་འཇུག་བྱས་ཏེ། ཨ་མདོ་དང་ཁམས་ཁུལ་གྱི་བོད་མི་རྣམས་དྲག་གནོན་འོག་ཇི་ལྟར་ལྷ་སར་བྲོས་བྱོལ་དུ་ཡོང་དགོས་བྱུང་བའི་སྐོར་འགྲེལ་བརྗོད་ཞིབ་ཕྲ་གནང་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷ་ས་ནས་རྒྱ་གར་ལ་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་པའི་སྔ་རྗེས་སུ་ལྷ་ས་ནས་གནས་ཚུལ་ག་རེ་ཐོན་པ་སོགས་དང་དྲི་བ་ཁག་ལ་ལན་འདེབས་གནང་ཡོད།
བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་གསུང་བཤད་གནང་མཁན་རྣམས་ཀྱིས་དྲང་བདེན་གནས་ཚུལ་ཤེས་རྟོགས་ཆེད་བརྟག་དཔྱད་ཞིབ་འཇུག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། དཔེ་དེབ་དེ་བོད་ཡིག་དང་། ཨིན་ཇི། རྒྱ་ཡིག་བཅས་ཀྱི་ཐོག་ཡོད་པས་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་གཙོས་མི་རིགས་གཞན་རྣམས་ཀྱིས་ཀློག་རྒྱུའི་རེ་སྐུལ་གནང་ཡོད་པ་བཅས།།