ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་དྲ་རྒྱ་བརྒྱུད་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༡ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་ཡོད།
དེ་ཡང་ལས་རིམ་དེ་བཞིན་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་ངོ་དེབ་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་ངོ་དེབ་བརྒྱུད་ཐད་གཏོང་ཞུས་ཡོད། ལས་རིམ་གྱི་ཐོག་མར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་དབུ་དབྱེད་གསུང་བཤད་གནང་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཚེགས་ཆེ་བའི་དུས་སྐབས་འོག་གོམ་པ་རིམ་སྤོས་ཀྱིས་བོད་བསྐྱར་སྐྲུན་མཛད་པའི་རླབས་ཆེན་གྱི་མཛད་འཕྲིན་སྐོར་དང་། རྒྱ་ནག་དམར་ཤོག་ཚོགས་པའི་དྲག་གནོན་འོག་བོད་མི་དང་། ཡུ་གུར། ཧོང་ཀོང་བ་བཅས་ནས་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་སྐོར། རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ཁོངས་སུ་བཅུག་པར་བློ་ཕམ་ཆེན་པོ་བྱུང་ཡོད་སྐོར། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་ལ་ཇིི་ལྟར་ཉེན་ཁ་ཆགས་ཀྱི་ཡོད་མེད་སོགས་ཀྱི་སྐོར་གསུངས་པ་མ་ཟད། གསུང་བཤད་གནང་མཁན་ཡོངས་ནས་མུ་མཐུད་དྲང་བདེན་ལ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་གནང་ཡོད།
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་ (Robert A. Destro) མཆོག་གིས། རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་གི་ཆོས་དད་རང་དབང་དང་། བོད་ནང་ཕར་འགྲོ་ཚུར་འོང་ལ་ཚོད་འཛིན་ཇི་ཙམ་བྱེད་ཀྱི་ཡོད་མེད་ཀྱི་གལ་ཆེའི་རང་བཞིན་སྐོར་གསུངས་པ་མ་ཟད། རྒྱལ་ཁབ་གཞན་རྣམས་ལ་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ (Reciprocal Access to Tibet Act) སོགས་ཀྱི་ཁྲིམས་འཆར་ཁག་ལག་བསྟར་གནང་དགོས་པའི་འབོད་སྐུལ་གནང་ཡོད།
གཞན་ཡང་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བ་དང་། གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་མཛད་བཞིན་པའི་དམ་བཅའ་ལ་བསྔགས་བརྗོད་དང་། རྒྱལ་ཁབ་གཞན་རྣམས་ཀྱིས་ཀྱང་ཨ་རི་དང་ལྷན་མཉམ་ལས་བྱས་ཏེ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་གནང་དགོས་པའི་སྐོར། ལྷག་པར་རྒྱ་ནག་གིས་བོད་ཡུལ་རྒྱ་ནག་ཅན་དུ་སྒྱུར་བཞིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།
ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་གིས་བོད་ཀྱི་གནད་དོན་དེ་བཞིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གནད་དོན་ཆགས་ཡོད་པའི་སྐོར་དང་། བོད་དོན་སླད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་སོགས་ཀྱི་སྐོར་གསུངས།
དེ་རྗེས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ལི་ཝན་ (Levin) མཆོག་གིས་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་བྱུང་རྗེས་ཁོང་རང་ཉིད་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པའི་མྱོང་ཚོར་སོགས་ཀྱི་སྐོར་གསུངས།
ཐེ་ཝན་གྱི་ཨ་རི་གཞུང་ཚབ་ཆེན་མོ་པི་ཀིམ་ (Hsiao Bi Kyim) མཆོག་གིས་ཐེ་ཝན་མི་མང་གིས་༸གོང་ས་མཆོག་གི་གསུང་ཆོས་ཞུས་པའི་སྐོར་དང་། གསུང་ཆོས་ཞུ་མཁན་ནང་ཁོ་མོ་ཡང་ཚུད་ཡོད་པ་མ་ཟད། ལོ་ཤས་གོང་ཁོ་མོ་༸གོང་ས་མཆོག་དང་མཇལ་འཕྲད་ཐོག་མར་བྱུང་བའི་སྐབས་༸གོང་ས་མཆོག་དང་ཐེ་ཝན་སྲིད་འཛིན་དབར་སྐད་སྒྱུར་ཞུས་པ་སོགས་ཀྱི་སྐོར་གསུངས།
ཁེ་ན་ཌའི་གྲོས་ཚོགས་མཐུས་མི་སྐུ་ཞབས་ཀྲིམ་ཨུ་པལ་ (Tim Uppal) མཆོག་གིས་ཁེ་ན་ཌའི་མི་མང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་མཐོང་ཆེན་པོ་ཞུ་བཞིན་པ་དང་། ༸གོང་ས་མཆོག་ཁེ་ན་ཌའི་དམིགས་བསལ་མི་སེར་ཐོབ་ཐང་ཡོད་པས་སྤོབས་པ་བྱེད་བཞིན་ཡོད་སྐོར་སོགས་གསུངས།
ཉེ་བའི་ཆར་བོད་དང་ཤར་ཏུར་ཀི་སི་ཐན་སྐོར་ཉམས་ཞིབ་གནང་མཁན་ཨེ་ཌི་རི་ཨན་ཛན་ཛི་ (Adrian Zenz) ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པས་བོད་མི་དང་ཡུ་གུར་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་དང་། རྒྱ་ནག་གིས་གྲངས་ཉུང་མི་རིགས་ཚོའི་འགྲོ་འདུག་སྤྱོད་གསུམ་ཐོག་སོ་ལྟའི་འཕྲུལ་ཆས་བཙུགས་ཏེ་དམ་བསྒྲགས་བྱེད་བཞིན་པ་སོགས་ཀྱི་སྐོར་གསུང་།
གཞན་ཡང་ཁོང་གིས་རྒྱ་ནག་གཞུང་གིས་བོད་ནང་ངལ་རྩོལ་བསྒྱུར་བཀོད་ཁང་བཙུགས་ཡོད་པ་དང་། ལས་གཞི་དེས་བོད་མིའི་ཆོས་དད་དང་འགྲོ་བ་མིའི་ཐོབ་ཐང་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ཡིན་པ་སོགས་ཀྱི་སྐོར་གསུངས།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་མཉམ་ཞུགས་པ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་སྦྲགས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༡ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས།
དོན་གཅོད་ཁང་གི་དྲུང་ཆེ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་གསུང་བཤད་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཡོད། ཐེངས་འདིའི་དུས་དྲན་སྲུང་བརྩི་མཛད་སྒོའི་ཐོག་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཇོ་ཌི་ཝིལེ་ཡེམ་སི་ (Jody Williams) མཆོག་ཀྱང་མཉམ་ཞུགས་གནང་ཡོད།།