ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་སོ་དགུ་པ་དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་ཞུ་མཁན་བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཡིན།
དང་པོ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུས་དོན། འདས་པའི་བདུན་ཕྲག་ནང་ཁྱོན་རྒྱ་གར་ནང་གི་ས་གནས་གྲངས་ ༢༡ དང་། བལ་ཡུལ་ཁུལ་གྱི་ས་གནས་གྲངས་ ༣ ནང་ཁྱོན་བོད་མི་གྲངས་ ༣༨༤ ༼རང་ཁྱིམ། ༡༣༣ སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་༢༥༡༽ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། གཉིས་པ་གསོ་རིག་ལུས་སེམས་ནུས་གསོའི་སྨན་དང་འབྲེལ་ད་བར་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༥༡༥༥ དེ་ནས་རྒྱ་བལ་འབྲུག་གསུམ་ནང་བཞུགས་མཁན་བོད་མི་ལོ་ན་ ༦༥ ཡན་བསྡོམས་མི་གྲངས་ ༨༧༢༥ དེ་ནས་སྨན་པ་དང་སྨན་ཞབས་སོགས་ལ་ཕྱག་ལས་ཞབས་ཞུ་སྒྲུབ་མཁན་མི་གྲངས་བསྡོམས་ ༡༤༨༡ ཁྲག་ཤེད་དང་གཅིན་སྙི་སོགས་བླ་གཉན་གྱི་ནད་གཞི་ཡོད་པ་མི་གྲངས་ ༤༠༤༠ དེ་ནས་ཕྱི་རྒྱལ་ཁག་ཏུ་བོད་མི་གྲངས་ ༣༤༠༨ ཁྱོན་མི་གྲངས་ ༢༢༨༠༩ ཐམ་པ་རིན་མེད་འགྲེམས་སྤེལ་ཞུས་ཟིན། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་གྲངས་ ༨ ལ་ཁ་པར་ཐོག་འབྲེལ་བ་གནང་བ་བརྒྱུད་སེམས་ཁམས་འཕྲོད་བསྟེན་ཐོག་སློབ་གསོ་ལམ་སྟོན་གནང་བ་དང་། ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ས་གནས་སུ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་པས་འདས་པའི་བདུན་ཕྲག་གཅིག་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༦ ནང་ཁྱོན་མི་གྲངས་ ༨༧༢ ལ་བརྟག་དཔྱད་གནང་ཡོད།
གཉིས་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ནད་གཞི་ཕོག་པ་སྙན་གསང་ཞུ་རྒྱུར། འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་ཁག་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༡༣ བྱུང་། ཞིབ་ཕྲ་ནི། སིམ་ལ་ཁུལ་ནས་མི་གྲངས། ༡ རྡ་ས་ཁུལ་ནས་མི་གྲངས་ ༡ སྦེལ་ཀོབ་ལུགས་བསམ་ནས་མི་གྲངས། ༣ ལ་དྭགས་ཁུལ་ནས་མི་གྲངས། ༢ བཅས་ཁྱོན་མི་གྲངས་བདུན་དང་། བལ་ཡུལ་བཀྲ་ཤིས་དཔལ་མཁྱིལ་ནས་མི་གྲངས་ ༣ དང་བྱམས་པ་གླིང་ནས་མི་གྲངས། ༡ ཤཱ་བ་རི་ནས་མི་གྲངས། ༡ རྒྱལ་འཕགས་ནས་མི་གྲངས། ༡ བཅས་བསྡོམས་བལ་ཡུལ་ནང་མི་གྲངས་ ༦ བཅས་བསྡོམས་མི་གྲངས་ ༡༣ བྱུང་ཡོད་པ་རྣམས་ལས་སྐྱེས་པ་གྲངས་ ༨ དང་བུད་མེད་གྲངས་ ༥ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༥༨ དང་ཆུང་ཤོས་དེ་ལོ་ ༧ ནད་རྟགས་ཡོད་པ་མི་གྲངས།་༧ ནད་རྟགས་མེད་པ་མི་གྲངས། ༦ ཡིན་པ་རེད། བློ་ཕམ་པའི་གནས་ཚུལ་ཞིག་ལ་འདས་པའི་བདུན་ཕྲག་ནང་ལ་དྭགས་ནས་སྐྱེས་པ་ལོ་ན་ ༧༤ སིམ་ལ་ནས་སྐྱེས་པ་ལོ་ན་ ༥༥ ཅན་གཉིས་ལ་ཁྲག་ཤེད་ཀྱི་བླ་གཉན་སྡོངས་པ་གཉིས་འདས་གྲོངས་སུ་ཕྱིན། ཁྱོན་བསྡོམས་ད་བར་རྒྱ་གར་དང་བལ་ཡུལ་ནང་བོད་མི་ནད་གཞི་ཕོག་པ་གྲངས་ ༡༤༣༤ དྲག་སྐྱེད་བྱུང་བ་མི་གྲངས་ ༡༣༠༧ འདས་གྲོངས་སོང་བ་མི་གྲངས། ༣༧ ད་ལྟ་ནད་མནར་བཞིན་པ་མི་གྲངས། ༩༠ བཅས་བྱུང་ཡོད། ནད་གཞི་ཕོག་པ་རྣམས་ས་གནས་ཛ་དྲག་ཚོགས་ཆུང་གི་ལམ་སྟོན་འོག་ཁ་ཤས་ས་གནས་རྫོང་གི་སྨན་ཁང་དང་ཁ་ཤས་ཚོགས་སྡེའི་ཟུར་བཀག་ཐོག་དོ་ནན་བཞུགས་བཞིན་གསོ་བཅོས་གནང་བཞིན་པའི་གནས་སྟངས་ཞུ།
གསུམ་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཞུ་རྒྱུའི་དོན་གནད་གཙོ་བོ་ད་ལྟ་འཛམ་གླིང་ཁྱོན་ཡོངས་ནང་མི་གྲངས་ས་ཡ་ ༧༦ ཙམ་ལ་ནད་གཞི་ཕོག་ཅིང་རྒྱ་གར་ནང་ཁྱོན་མི་གྲངས་ས་ཡ་ ༡༠ ལྷག་ལ་ནད་གཞི་ཕོག་ཡོད། རྒྱ་གར་ནང་ད་ལྟའི་ཆར་ནད་གཞི་གསར་པ་ཕོག་པའི་མི་གྲངས་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཀྱང་འདས་པའི་ཆུ་ཚོད་ ༢༤ ནང་ནད་གཞི་ཕོག་པའི་གྲངས་བརྒྱ་ཆ་ ༣ ཙམ་འཕར་ཡོད། ཉིན་ཤས་སྔོན་ཨིན་ཡུལ་ནང་ཏོག་དབྱིབས་གཉན་རིམས་ ༡༩ གཉན་སྲིན་ངོ་བོའམ་རྣམ་པ་འགྱུར་བ་ཕྱིན་པ་དེས་མིར་འགོས་ཉེན་བརྒྱ་ཆ་ ༧༠ ཙམ་མྱུར་དུ་ཕྱིན་ཡོད་པའི་གསར་འགྱུར་ཐོན་པ་ལས་རྒྱ་གར་ནང་ཀར་ཎ་ཊ་ཀ་དང་མཱ་ཧཱ་ར་ས་ཏྲ་སོགས་མངའ་སྡེ་ཁག་གཅིག་ནང་མཚན་ལ་འགྲུལ་བཞུད་བཀག་སྡོམ་བྱས་ཡོད་པ་དང་། གཉན་སྲིན་ངོ་བོ་འགྱུར་བ་ཕྱིན་པ་དེ་རྒྱ་གར་ནང་འགོས་ཁྱབ་མ་འགྲོའི་སླད་ཨིན་ཡུལ་ནས་ཡོང་མཁན་གནམ་གྲུ་རྣམས་བཀག་སྡོམ་དང་། འདས་པའི་བདུན་ཕྲག་ནང་འགྲུལ་མི་འབྱོར་བ་རྣམས་ལ་ཞིབ་ཕྲ་བརྟག་དཔྱད་ནན་པོ་གནང་བཞིན་ཡོད་པ་རེད།
སྤྱིར་གཉན་སྲིན་ལ་འགྱུར་བ་ཕྱིན་ཞེས་ Mutant Coronavirus དེ་ཏོག་དབྱིབས་གཉན་རིམས་དེ་ག་རང་ཡིན་པ་གང་ཞིག་དེའི་ངོ་བོར་འགྱུར་བ་ཕྱིན་པ་དེ་ནི་ཆམས་རིམས་སོགས་གཉན་སྲིན་གཞན་དག་ཀྱང་འགྱུར་བ་ཡང་སེ་འགྲོ་བཞིན་སྔོན་འགོག་སྨན་ཁབ་ལའང་ཟླ་བ་དྲུག་དང་ལོ་རེའི་མཚམས་འགྱུར་བ་གཏོང་དགོས་བྱུང་གི་ཡོད། འོན་ཀྱང་ཏོག་དབྱིབས་གཉན་རིམས་ ༡༩ གཉན་སྲིན་དེ་ད་བར་ཐེངས་ ༡༧ ཙམ་འགྱུར་བ་ཕྱིན་ཡོད་ཅིང་འགྱུར་བ་ཕྱིན་པ་དེས་མིར་འགོས་ཉེན་བརྒྱ་ཆ་ཚད་མཐོ་བ་དང་། ལྷག་པར་གཞོན་སྐྱེས་དང་ཕྲུག་གུ་ཆུང་ཆུང་ལ་འགོས་ཉེན་ཆེ་བ་ཡོད་པ་བསྟན་ཡོད། གཉན་སྲིན་ངོ་བོ་འགྱུར་བ་ཕྱིན་པ་དེས་འགོས་ཁྱབ་མྱུར་བ་ཕྱིན་པ་ལས་གཞན་ནད་རྟགས་ལ་དམིགས་བསལ་འགྱུར་བ་མེད་པ་དང་། དེ་བཞིན་ནད་གཞི་གཞན་འབྱུང་བའི་ཉེན་ཚབས་དང་གཉན་སྲིན་འགྱུར་བ་ཕྱིན་པ་དེས་མི་འཆི་སྐྱོན་འགྲོ་བའི་སྐོར་གང་ཡང་གསལ་ཐོན་བྱུང་མེད། འོན་ཀྱང་ནད་ཡམས་འདི་གསར་པ་ཡིན་པས་ད་དུང་ཚན་རིག་པ་དང་ཆེད་ལས་སྨན་པས་ཚོད་ལྟ་ཉམས་ཞིབ་གནང་དང་གནང་བཞིན་གནས་སྟངས་གནས་ཚུལ་ལ་འགྱུར་བ་འགྲོ་སྲིད་པ་རེད། གང་ལྟར་མང་ཚོགས་ངོས་ནས་ད་ལྟའི་གཉན་སྲིན་འགྱུར་བ་ཕྱིན་པའི་གསར་འགྱུར་ཐོས་པ་ལས་ཞེད་སྣང་དང་དངངས་སྐྲག་སྐྱེ་མི་དགོས་པར་སོ་སོའི་ངོས་ནས་ཁ་རས་གྱོན་རྒྱུ། མིའི་བར་རྒྱང་ཐག་འཇོག་རྒྱུ། ལག་པ་གཙང་མ་འཁྲུ་བ་དང་། མི་མང་འདུ་འཛོམས་སར་འགྲོ་བསྐྱོད་དང་འགྲུལ་བཞུད་རིགས་འཛེམ་ཟོན་གནང་དགོས་པ་དེ་དོན་ལམ་སྟོན་ཞུ་རྒྱུ་ཡིན། མཐའ་དོན་རྒྱལ་སྤྱིའི་ནང་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྲུང་རྩི་དང་དེ་རྗེས་ཕྱི་ལོ་གསར་ཚེས་འཆར་ལ་ཉེ་བས་བོད་མི་ཚང་མས་སྤྱང་གྲུང་དོད་པོ་དང་སྔོན་འགོག་ཐབས་ལམ་རྣམས་བསྟེན་པའི་ཐོག་གནང་དགོས་གནང་རོགས་ཅེས་ཞུ།
དེ་རྗེས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ལམ་སྟོན་གནང་དོན་གཙོ་བོ་ཉིན་ཤས་སྔོན་ཨིན་ཡུལ་ནང་ཏོག་དབྱིབས་གཉན་རིམས་ལ་འགྱུར་བ་ཕྱིན་སྐོར་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་ལ་སྙན་གསང་ཞུས་ཡོད་ཅིང་། ཆམས་རིམས་ལ་སོགས་པའི་གཉན་སྲིན་རིགས་གང་ཡིན་ནའང་འགྱུར་བ་ཆུང་ཆུང་དེ་འདྲ་ཡང་སེ་འགྲོ་ཡི་ཡོད་པ་དེ་རང་གཞིན་ཞིག་ཆགས་ཀྱི་ཡོད། འོན་ཀྱང་ད་ལན་གྱི་འགྱུར་བ་དེས་འགོས་ཁྱབ་མྱུར་བ་དང་། ཕྲུག་གུ་ཆུང་ཆུང་ལ་ཉེན་ཚབས་ཆེ་བ་ཡོད་པ་གསལ་བས་ཚང་མས་དོ་གཟབ་གནང་དགོས་པ་ཆགས་ཡོད། འོན་ཀྱང་འགྱུར་བ་ཕྱིན་པའི་གཉན་སྲིན་དེའི་རྐྱེན་གྱིས་ནད་གཞི་ཉེན་ཚབས་ཆེ་བ་ཡོང་གི་ཡོད་པ་དེའི་རྐྱེན་གྱིས་མི་འདས་གྲོངས་མང་དུ་འགྲོ་བ་དེ་འདྲ་གང་ཡང་བྱུང་མིན་འདུག
རྒྱ་གར་ནང་ཡིན་ན་གཉན་སྲིན་ངོ་བོ་འགྱུར་བ་དེ་རྒྱལ་ཁབ་ནང་འགོས་ཁྱབ་མ་འགྲོ་བའི་སླད་ཨིན་ཡུལ་ནས་གནམ་གྲུ་ཡོང་མཁན་རྣམས་བཀག་སྡོམ་བྱས་ཟིན་པ་དང་། ཉེ་ཆར་ཕྱི་ཟླ་ ༡༢ ཚེས་ ༢༣ བར་འབྱོར་ཟིན་པའི་འགྲུད་བཞུད་བྱེད་མི་ཚང་མར་དོ་ནན་བརྟག་དཔྱད་ཞིབ་ལྟ་བྱེད་བཞིན་ཡོད། བརྟག་དཔྱད་དེ་ཡང་གནམ་ཐང་ནང་དུ་ RT-PCR བྱེད་རྗེས་གལ་ཏེ་ནད་གཞི་ཕོག་པ་བྱུང་ཚེ་རྒྱ་གར་དབུས་གཞུང་རང་ནས་ཚོགས་སྡེའི་ཟུར་བཀག་ཐོག་དོ་ནན་ལམ་སྟོན་དང་བཏང་འཛིན་བྱེད་བཞིན་ཡོད་པ་དང་། ནད་གཞི་ཕོག་མེད་པ་རྣམས་རང་ཁྱིམ་དུ་ཟུར་བཀག་ནན་པོ་སྡོད་དགོས་ཅིང་ཉིན་གྲངས་ ༢༨ རིང་རྫོང་གཞུང་ District Surveillance Officer ནས་ཚ་བ་ལ་སོགས་པའི་ནད་རྟགས་ཐོན་མིན་ཐོག་ཞིབ་ལྟ་བཏང་འཛིན་གནང་བཞིན་ཡོད་འདུག
མཐའ་དོན་ད་ལྟ་ཡེ་ཤུའི་འཁྲུངས་སྐར་དང་ཕྱི་ལོ་གསར་གྱི་དུས་ཆེན་སླེབས་ལ་ཉེ་བས་བོད་མི་རྣམས་ལས་ལྷག་པར་གཞོན་སྐྱེས་རྣམས་ལ་དུས་ཆེན་དེ་བསྟུན་མཚན་ཚོགས་དང་འཛོམས་འཛོམས་ཀྱི་འཆར་གཞི་དེ་འདྲ་ཡོད་འདུག དེ་རིགས་གང་ཉུང་ཉུང་དང་དེའི་ཐོག་གང་གཟབ་གནང་རོགས་ཅེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་ཞུས་གནང་སྟེ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༩ དེ་མཇུག་སྒྲིལ། །