ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་ནང་གཏན་འབེབས་གནང་ཐུབ་པ་བྱུང་ཡོད། སྲིད་བྱུས་འདི་ནི་བོད་དོན་ཐོག་ཧ་ཅང་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་ས་གནས་བོད་མི་ཡོངས་ནས་ད་བར་གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་དཔོན་རིགས་མང་དག་ཅིག་དང་མཇལ་འཕྲད་ཀྱིས་ཞུ་སྐུལ་གནང་རྒྱུ་མཚོན་པའི་ལས་འགུལ་སྣ་མང་སྤེལ་ཡོད། ད་ལན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་ཁྲིམས་འཆར་དེར་ཚད་མཐོའི་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་ཐུབ་པ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་ཡོད་པ་མ་ཟད་བོད་དོན་ཐད་རྒྱལ་ཁ་ཆེན་པོ་ཞིག་རང་བཞིན་ཆགས་ཀྱི་ཡོད་སྟབས། ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་མདོ་འཛིན་པ་བསྟན་འཛིན་དབང་ཕྱུག་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་པ་ཁག་གཤམ་གསལ།
བསྟན་འཛིན་དབང་ཕྱུག་ལགས། བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་འདི་བོད་དང་བོད་དོན་སླད་ཇི་ཙམ་གལ་ཆེན་པོ་ཆགས་ཀྱི་ཡོད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་འདི་ཧ་ཅང་གལ་ཆེན་པོ་རེད། ཨ་རིའི་གྲོས་ཚོགས་ནས་ལོ་རྒྱུས་རང་བཞིན་ལྡན་པའི་ཁྲིམས་འཆར་ཞིག་གཏན་འབེབས་གནང་གི་ཡོད་པ་རེད། དང་པོ་དེ་བོད་དང་བོད་དོན་ལ་ཧ་ཅང་རྒྱབ་སྐྱོར་ཆེན་པོ་ཡོད་པ་དང་། བོད་ནང་གི་བོད་མི་རྣམས་ནས་དཀའ་ངལ་ཧ་ཅང་མྱངས་དང་མྱོང་བཞིན་ཡོད་པ་དེ་དག་ལ་ཨ་རིའི་གཞུང་གི་ངོས་ནས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་ཡོད་པའི་བརྡ་ལན་གསལ་པོ་སྤྲོད་ཀྱི་ཡོད། གཙོ་ཆེ་ཤོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ལ་ངོས་འཛིན་དང་གུས་ཞབས་ཡོད་པའི་ཐོག་ནས་ཨ་རིའི་གཞུང་ནས་ཆེ་མཐོང་ཞུ་བཞིན་ཡོད།
བསྟན་འཛིན་དབང་ཕྱུག་ལགས། བོད་དོན་རྒྱབ་སྐྱོར་སྲིད་བྱུས་ཀྱི་ཁྲིམས་འཆར་འདི་གཏན་འབེབས་ཇི་ལྟར་གནང་ཐུབ་པ་བྱུང་ཡོད་པ་དང་། གཏན་འབེབས་ཡོང་སླད་དུས་ཡུན་གང་ཙམ་བགོར་བའི་རྒྱུ་མཚན་བཅས་ངོ་སྤྲོད་གནང་རོགས།
དཔལ་ལྡན་སྲིད་སྐྱོང་མཆོག ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་སྲིད་བྱུས་ཀྱི་ཁྲིམས་འཆར་ལ་ཚད་མཐོའི་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་པའི་ཐོག་ནས་གཏན་འབེབས་གནང་ཡོད། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོང་དོན་ཚོགས་འདུའི་ནང་དོན་ཚན་མང་དག་ཅིག་ཡོད་པའི་ནང་ནས་དོན་ཚན་དགུ་པ་དེ་རེད། ཚོགས་འདུ་ཚོགས་ཏེ་དོན་ཚན་གསུམ་བཞི་ཐོག་བཀའ་བསྡུར་གནང་རྗེས་ཚོགས་འདུ་ཕར་འགྱངས་གནང་བ་རེད། ཕྱི་ཟླ་ ༡༠ ནང་ཨ་རིར་ཕྱིན་ཏེ་འབད་བརྩོན་བྱས་པ་ཡིན། སྐབས་དེར་ཨ་རིའི་སྲིད་འཛིན་དང་། གྲོས་ཚོགས་འཐུས་མི་མང་དག་སྙུང་བ་སོགས་ལ་བརྟེན་ནས་རེ་བ་མ་བྱུང་། སྐབས་དེར་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་མཐོ་རིམ་ལས་བྱེད་ཁག་གིས་བསྐྱར་དུ་ཡོང་ན་ཡག་པོ་ཡོད་སྐོར་གསུངས་བྱུང་། ད་རེས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་རྒྱབ་སྐྱོར་ཡོད་པའི་ཐོག་ནས་གཏན་འབེབས་གནང་ཐུབ་པ་འདི་ང་འདིར་ཡོང་གོ་ཆོད་སོང་།
གཙོ་ཆེ་ཤོས་ངས་ཨ་རིར་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཡོངས་ནས་གྲོས་ཚོགས་འཐུས་མི་རྣམ་པར་འབྲེལ་བ་ཞུ་རོགས་ཞེས་འབོད་སྐུལ་ཞུས་པ་ལྟར་ཚང་མས་ཧུར་ཐག་གནང་སོང་། གཙོ་བོ་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་གཞོན་ནུ། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཚོགས་པ་ཁག་ནས་གྲོས་ཚོགས་འཐུས་མི་ཁ་ཤས་ལ་ཞལ་པར་ཕུལ་བ་སོགས་ང་ཚོ་ཚང་མས་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་གྲུབ་འབྲས་སྨིན་པ་ཞིག་རེད། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་དེ་སྔ་ནས་སྐུ་ལས་ཧ་ཅང་བསྐྱོན་ཡོད། དེར་བརྟེན་ཚོགས་པ་ཁག་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
བསྟན་འཛིན་དབང་ཕྱུག་ལགས། ཕྱི་ལོ་ ༢༠༠༢ ལོར་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་སྲིད་བྱུས་ཀྱི་ཁྲིམས་ཡིག་དང་། ད་རེས་གསར་དུ་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་སྲིད་བྱུས་ཀྱི་ཁྲིམས་ཡིག་གི་ནང་དོན་དང་གལ་གནད་དབར་ཁྱད་པར་གང་ཡོད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག ཨ་རིའི་གྲོས་ཚོགས་ནས་ཕྱི་ལོ་ ༢༠༠༢ ལོར་བོད་དོན་རྒྱབ་སྐྱོར་སྲིད་བྱུས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བའི་ཐོག་བསྐྱར་བཅོས་མང་པོ་ཞིག་གནང་ཡོད། ཕྱི་ལོ་ ༢༠༠༢ ལོའི་བོད་དོན་རྒྱབ་སྐྱོར་སྲིད་བྱུས་ཀྱི་ཁྲིམས་ཡིག་ནང་བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་སླད་རྒྱབ་སྐྱོར་ཞུ་རྒྱུ་དང་། བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་འོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་རྒྱུ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་ཡང་ན་མགོན་པོ་གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་ཡོང་ཐབས། བོད་ནང་རོགས་དངུལ་གནང་རྒྱུ། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་གི་ལས་ཁུངས་འཛུགས་རྒྱུ་བཅས་རེད།
ཐེངས་འདིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ནང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་རྒྱུ་དང་། བོད་རྒྱ་གྲོས་མོལ་ཙམ་མ་ཟད། ཁྲིམས་འཆར་འདིའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང་མིང་དོན་མཚུངས་པའི་རང་སྐྱོང་དགོས་སྐོར་ཡང་ཡོད། དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཁང་འཛུགས་དགོས་པ་དང་། གལ་ཏེ་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཁང་འཛུགས་མ་ཐུབ་པ་དང་། ཡང་ན་བཙུགས་མ་བཅུག་པ་ཡིན་ན་རྒྱ་ནག་གཞུང་གིས་ཨ་རིའི་ནང་རྒྱ་ནག་གཞུང་ཚབ་ཡན་ལག་འཛུགས་མི་ཆོག་ཅེས་ཁ་གསལ་པོ་བཀོད་ཡོད། ཕྱོགས་མཚུངས་བོད་ནང་ཚོང་ལས་གཉེར་དགོས་ཚེ་རྒྱལ་ཚོགས་ཀྱིས་ཚོང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལམ་སྟོན་གནང་བ་ཁག་ལ་སྲུང་བརྩི་ཞུ་དགོས་པ། བོད་དེ་ཁོར་ཡུག་ཐོག་ནས་ཧ་ཅང་གལ་ཆེན་པོ་ཡིན་སྟབས། བོད་མཐོ་སྒང་གི་ཁོར་ཡུག་དང་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོབ་གནང་རྒྱུ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་བོད་མིས་ཐག་གཅོད་བྱེད་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པ་དང་། གལ་ཏེ་རྒྱ་ནག་གཞུང་གིས་བོད་མིའི་བླ་སྤྲུལ་ངོས་འཛིན་ཐད་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་དམ་བསྒྲགས་བཀའ་ཆད་ལྕི་མོ་གཅོད་རྒྱུ་ཡིན་པ་ཁ་གསལ་པོ་ཡོད། གཞན་ཡང་བོད་མིིའི་སྒྲིག་འཛུགས་ནི་བཙན་བྱོལ་བོད་མིའི་སྐུ་ཚབ་མཚོན་གྱི་ཡོད་པ་དང་། སྲིད་སྐྱོང་ནི་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ (President) ཡིན་པ་བཅས་བོད་མིའི་སྒྲིག་འཛུགས་འདི་ཁྲིམས་མཐུན་ངོས་ལེན་གནང་བ་ཞིག་ཆགས་ཀྱི་ཡོད།
དེ་བཞིན་བལ་ཡུལ་དང་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ལ་ལོ་ལྔའི་རིང་ལོ་རེར་ཨ་སྒོར་ས་ཡ་དགུ་ལས་མི་ཉུང་བ་གནང་རྒྱུ་དང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་ཨ་སྒོར་ས་ཡ་བཞི་ལྷག ཨ་རིའི་རླུང་འཕྲིན་ཁང་ལ་ཨ་སྒོར་ས་ཡ་གསུམ་ལྷག བོད་ནང་ཨ་སྒོར་ས་ཡ་བརྒྱད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས་དང་བོད་མིའི་སློབ་ཡོན་སོགས་ཀྱི་ཆེད་རོགས་དངུལ་གནང་རྒྱུ་བཅས་དང་། དེ་བཞིན་ཆབ་སྲིད་ཐོག་ནས་རྒྱབ་སྐྱོར་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་གནང་བ་འདི་ལོ་རྒྱུས་རང་བཞིན་ལྡན་པ་ཆགས་ཀྱི་ཡོད། ལྷག་པར་ང་ཚོའི་དགོས་མཁོ་ཕལ་ཆེ་བ་འདིའི་ནང་ཡོད།
བསྟན་འཛིན་དབང་ཕྱུག་ལགས། བོད་མིའི་སྒྲིག་འཛུགས་དང་དེའི་འགོ་ཁྲིད་སྲིད་སྐྱོང་ནི་བཙན་བྱོལ་བོད་མིའི་ངོ་ཚབ་མཚོན་གྱི་ཡོད་པར་ཁྲིམས་མཐུན་ངོས་ལེན་གནང་བ་འདི་ཆབ་སྲིད་ཀྱི་ཐོག་ནས་རྒྱལ་ཁ་ཆེན་པོ་ཞིག་ཡིན་སྟབས། ཁྲིམས་འཆར་འདིའི་བརྒྱུད་ནས་རྒྱ་ནག་གཞུང་ལ་བརྡ་ལན་དང་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག ཤུགས་རྐྱེན་ཆེན་པོ་སྤྲད་ཡོད། དཔེར་ན། རྒྱ་ནག་གཞུང་གིས་དུས་རྒྱུན་དུ་བཞུགས་སྒར་རྡ་སར་ཡོད་པའི་བོད་མིའི་སྒྲིག་འཛུགས་འདི་བཞིན་ཁ་བྲལ་སྒྲིག་འཛུགས་ཤིག་རེད། འཛམ་གླིང་རྒྱལ་ཁབ་སུ་གཅིག་གིས་ཡ་ལན་དང་ངོས་ལེན་བྱེད་ཀྱི་མེད། ཅེས་བཤད་ཀྱི་ཡོད། ད་ལན་ཨ་རིའི་གྲོས་ཚོགས་ནས་མང་གཙོའི་ལམ་ལུགས་ཐོག་ནས་བདམས་པའི་བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་གནང་གི་ཡོད། སྒྲིག་འཛུགས་འདི་བཞིན་བཙན་བྱོལ་ནང་ཡོད་པའི་བོད་མིའི་སྐུ་ཚབ་དང་བོད་ནང་གི་བོད་མའི་མངོན་འདོད་སྒྲུབ་ཐུབ་མཁན་ཞིག་ཡིན་པར་ངོས་ལེན་དང་། སྲིད་སྐྱོང་ནི་བོད་མིའི་སྒྲིག་འཛུགས་ཀྱི་ (President) རེད། ཅེས་ཁྲིམས་འཆར་ཐོག་འཁོད་ཡོད་སྟབས་ངོས་ལེན་གནང་གི་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་བཤད་པ་དེ་དངོས་ཡོད་མིན་པ་ར་འཕྲོད་བྱུང་ཡོད།
གཉིས་ནས་འདི་ལོའི་ཕྱི་ཟླ་ ༡༠ ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཨ་རིའི་ཕོ་བྲང་དཀར་པོའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བྱས་ནས་འགྲོ་རྒྱུ་བྱུང་བ་རེད། དེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསོལ་རས་སྩལ་བའི་མང་གཙོའི་ལམ་ལུགས་ཐོག་ནས་བདམས་པའི་འགོ་ཁྲིད་ཅིག་ལ་ཆབ་སྲིད་ཐོག་ནས་ཕྱི་སྲིད་ལས་ཁུངས་དང་ཕོ་བྲང་དཀར་པོ་ནས་ངོས་ལེན་གནང་བ་རེད། ད་ཆ་ཨ་རིའི་གྲོས་ཚོགས་རང་ནས་བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་གནང་བ་དེ་ཆབ་སྲིད་ཐོག་ནས་གནད་འགག་ཆེན་པོ་ཞིག་རེད། དེ་ལས་ལྷག་ང་རང་ཚོའི་ངོས་ནས་འབད་བརྩོན་བྱེད་དགོས་པ་དེ་འདྲ་ཡོད་སྟབས་མུ་མཐུད་གནང་རྒྱུ་རེད།
བསྟན་འཛིན་དབང་ཕྱུག་ལགས། ད་ལམ་ཁྲིམས་འཆར་གཏན་འབེབས་གནང་ཐུབ་པ་འདིས་བོད་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་དང་། བོད་དོན་རྒྱབ་སྐྱོར་གནང་མཁན་ཚང་མར་གནས་ཚུལ་གཏམ་བཟང་དང་གལ་ཆེན་པོ་ཞིག་ཆགས་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་སྒེར་ལ་མཚོན་ལ་ད་ལན་ཁྲིམས་འཆར་གཏན་འབེབས་གནང་ཐུབ་པར་ཚོར་སྣང་གང་བྱུང་དང་བོད་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་རྣམས་ལ་དེ་དང་འབྲེལ་བའི་དམིགས་བསལ་གང་གསུང་རྒྱུ་ཡོད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག རང་ཉིད་ལ་མཚོན་ན་ཧ་ཅང་དགའ་ཚོར་བྱུང་། དེ་སྔ་ཕྱི་ཟླ་ ༡༡ ནང་རྡ་ས་ནས་ཐོན་དུས་མི་ཁག་གཅིག་གིས་ད་ཆ་ཨ་རིར་ཆབ་སྲིད་ཐོག་འཁྲུག་ཆ་དོད་པོ་ཡོད་པ་མ་ཟད། མང་གཙོ་དང་སྤྱི་མཐུན་ཚོགས་པ་གཉིས་དབར་འགལ་ཟླ་ཡོད་པ་དང་། སྲིད་འཛིན་གྱི་རྙོག་གླེང་སོགས་ཡོད་པའི་སྐབས་འདིར་ཝ་ཤིན་ཊོན་ཌི་སིར་འགྲོ་ན་རེ་བ་ཡོད་དམ་ཞེས་སྐད་ཆ་འདྲི་མཁན་བྱུང་། ཕྱོགས་མཚུངས་ཌི་སིར་ཡོད་མཁན་ཚོས་ཀྱང་དེ་དེ་བཞིན་དྲིས་སོང་། དངོས་གནས་ཁོར་ཡུག་ཧ་ཅང་ཁག་པོ་རེད་འདུག ཕྱི་ལོ་ ༢༠༢༡ ཟླ་ ༡ ནས་གྲོས་ཚོགས་གསར་པ་འགོ་བཙུགས་ཀྱི་ཡོད་སྟབས་སླར་ཡང་གཞི་ནས་འགོ་བཙུགས་དགོས་ཀྱི་ཡོད། ཕྱི་ཚེས་ ༢༠ རེས་གཟའ་ཉི་མའི་ཉིན་འབྱོར་ཏེ་ཕྱི་ཚེས་ ༢༡ ཉིན་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་ཆུང་གི་ལས་བྱེད་དང་ལྷན་དུ་ཚོགས་འདུ་བསྐོང་ཚོགས་གནང་ཡོད།
མང་གཙོ་དང་སྤྱི་མཐུན་ཚོགས་པའི་ལས་བྱེད་ལྷན་ཚོགས་འདུ་ལོགས་སུ་ཚོགས་པ་ཡིན། སྐབས་དེར་མང་གཙོ་ཚོགས་པའི་ལས་བྱེད་ཀྱིས་སྤྱི་མཐུན་ཚོགས་པར་འབྲེལ་བ་ཡོད་མཁན་ཁྱེད་རང་ཆགས་ཀྱི་ཡོད། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེམ་སི་ (James E. Risch) མཆོག་དང་ལས་བྱེད་རྣམས་ཁྱེད་རང་ངོ་ཤེས་ཡིན་སྟབས་ཤུགས་རྒྱོབ། ཞེས་གསུངས་སོང། དེ་ནས་སྤྱི་མཐུན་ཚོགས་པའི་ལས་བྱེད་དང་ལྷན་བཀའ་མོལ་ཞུས་པའི་སྐབས། ཁོང་ཚོས་ཕྱི་ཟླ་བཅུ་གཉིས་ཀྱི་བདུན་ཕྲག་གཉིས་པར་བཏོན་རྒྱུ་ཡིན་སྐོར་སོགས་གསུངས། བདུན་ཕྲག་གཉིས་པའི་རེས་གཟའ་པ་སངས་ཉིན་གྲོས་ཚོགས་སྒོ་བརྒྱབ་ཀྱི་ཡོད། ཉིན་མ་གསུམ་བཞིའི་ནང་ཟླ་བ་གསུམ་བཞིའི་ལས་དོན་ཇི་ལྟར་སྒྲུབ་ཐུབ་བམ་ཞེས་བསམ་བྱུང་། གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་ཆུང་ནས་གཏན་འབེབས་གནང་བ་དང་། དེ་ནས་གྲོས་ཚོགས་གོང་མའི་ནང་འོས་ཤོག་བླུག་དགོས་ཀྱི་ཡོད། ཁྲིམས་འཆར་བསྒྱུར་བ་བཏང་ཡོད། བསྒྱུར་བ་གཙོ་ཆེ་ཤོས་ནི་བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་གནང་ཡོད། ཅེས་པ་དེ་གྲོས་ཚོགས་གོང་མའི་ཁྲིམས་འཆར་ནང་ཡོད། གྲོས་ཚོགས་འོག་མའི་ནང་མེད་སྟབས་གྲོས་ཚོགས་འོག་མའི་ནང་སླར་ཡང་འོས་ཤོག་བླུག་དགོས། སྐབས་དེར་གྲོས་ཚོགས་འོག་མའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ལགས་དང་ལྷན་བཀའ་མོལ་ཞུ་སྐབས་ཁོང་གིས་གལ་ཏེ་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་ཐོབ་ཐུབ་ཚེ་གྲོས་ཚོགས་འོག་མར་སེམས་ཁྲལ་བྱེད་མི་དགོས། ཞེས་གསུངས་བྱུང་།
ཉིན་གཉིས་རིང་སེམས་ནང་དངངས་སྐྲག་ལངས་སོང་། མཐར་ཁོང་རྣམ་པས་ཁྲིམས་འཆར་ལོགས་སུ་བཏོན་ཐུབ་པ་བྱུང་ཡོད་པ་དང་། སྔོན་རྩིས་རང་གི་ཁྲིམས་འཆར་སྦྱར་བར་བརྟེན་བརྒྱ་ཆ་དགུ་བཅུ་རེ་བ་སླེབས་ཡོད། བར་སྐབས་སེམས་ནང་དངངས་འཚབ་བྱུང་ཡང་མཐར་ཁྲིམས་འཆར་གཏན་འབེབས་གནང་ཐུབ་པར་བརྟེན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་བཙན་བྱོལ་དུ་ཡོད་པའི་བོད་མིས་ཇི་ལྟར་སྐུ་ལས་བསྐྱོན་ཡོད་པ་དང་། གཙོ་ཆེ་ཤོས་བོད་ནང་གི་ཤ་ཁྲག་གཅིག་པའི་བོད་རིགས་སྤྲུན་ཟླ་ས་ཡ་དྲུག་ལ་བོད་དོན་འདི་བཞིན་ད་དུང་ཡང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་རྒྱབ་སྐྱོར་ཤུགས་ཆེ་ཕྱིན་ཡོད་སྐོར་གྱི་བརྡ་ལན་དང་། རྣམ་པ་ཚོའི་བློས་གཏོང་དང་སྐུ་ལས་བསྐྱོན་པ་རྣམས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནས་གསན་གྱི་ཡོད། འདི་ལ་རྒྱབ་སྐྱོར་ཡོད། ཅེས་པའི་བརྡ་ལན་ཤུགས་ཆེན་པོ་ཕྱིན་པར་ཕྲན་རང་ཉིད་ལ་བོད་མི་མང་ཚོགས་ནས་བདམས་ཏེ་འགན་སྤྲད་པ་དེ་ཕྲ་ལ་ཕྲན་བུ་བསྒྲུབས་སོང་སྙམ་པའི་ཚོར་བ་དང་དགའ་སྣང་ཞིག་བྱུང་སོང་། ཐུགས་རྗེ་ཆེ། །