ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །འདི་གར་བལ་ཡུལ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༤༧ ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ཉིན་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་ནང་སྙན་གྲགས་ཆེས་ཆེ་བའི་ནོ་ཝེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༡ འཁོར་བའི་དུས་ཆེན་ཁྱད་པར་ཅན་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་བཅས་དུས་ཆེན་གཉིས་འཛོམས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་སྲུང་བརྩི་གཟབ་རྒྱས་ཞུ་བཞིན་པ་ལྟར། བལ་ཡུལ་རྒྱལ་ས་ཀཱཋ་མཱཎ་ཌུ་ཁུལ་དུ་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་འཕགས་པ་ཤིང་ཀུན་བྲག་དཀར་དགོན་པར་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་ཁྲིམས་བཀའ་རྒྱའི་ལམ་སྟོན་དང་མ་བརྒལ་བའི་ཐོག་ནས་སྔར་རྒྱུན་བཞིན་ཏོག་ནད་ཀྱི་ཛ་དྲག་གནས་སྟངས་ལ་དམིགས་ཏེ། མང་ཚོགས་འདུ་འཛོམས་མེད་པར་འདི་ཁུལ་མཛད་གཙོ་རྣམ་ལྷན་འཛོམས་ཀྱིས་དུས་ཆེན་སྲུང་བརྩི་ཞུས་ཡོད།
དེ་ཡང་མཛད་སྒོར་འཕགས་ཤིང་སྐྱིད་གྲོང་ཐུགས་རྗེ་ཆོས་གླིང་བཙུན་དགོན་གྱི་མཁན་རིན་པོ་ཆེ་མཆོག་གིས་གཙོས་བཙུན་མ་རྣམས་དང་། བལ་ཡུལ་སྐུ་ཚབ་དོན་གཅོད། ཕྱོགས་བཞུགས་སྤྱི་འཐུས་རྣམ་པ། བལ་དོན་ཁང་གི་དྲུང་ཆེ། ས་གནས་འཐུས་ཚོགས་ཁག་གི་ཚོགས་གཙོ་རྣམ་པ། ས་གནས་འགོ་འཛིན་རྣམ་པ། རང་བདེན་ཚོགས་ཆུང་ཁག་གི་ཚོགས་གཙོ་རྣམ་པ། གངས་ཅན་བདེ་རྩའི་འགན་འཛིན་དྲུང་ཆེ་དང་བོད་མིའི་སློབ་གྲྭ་ཁག་གི་དབུ་འཛིན་ལྷན་རྒྱས། བལ་དོན་ཁང་གི་ལས་བྱེད་རྣམ་པ་བཅས་ལྷན་འཛོམས་ཐོག་མཁན་རིན་པོ་ཆེ་མཆོག་དབུས་པས་བཙུན་མ་རྣམས་ནས་ཁྲུས་གསོལ་རབ་གནས་ལེགས་པར་གྲུབ་མཚམས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཁན་རིན་པོ་ཆེ་མཆོག་དང་། དོན་གཅོད། སྤྱི་འཐུས་རྣམ་པ་བཅས་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་རྗེས་སྐུ་མགྲོན་རྣམས་ནས་རིམ་པས་མཇལ་དར་སྒྲོན་འབུལ་ཞུས།
དེ་ནས་བོད་བལ་གཉིས་ཀྱི་རྒྱལ་གླུ་དང་ནོ་ཝེལ་བསྟོད་དབྱངས་འབུལ་ནས་རྟེན་འབྲེལ་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་ཞུས་རྗེས་དཔལ་ལྡན་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་ཞུ་དགོས་ཀྱང་དེ་ལྟར་ཞུ་མི་ཆོག་པའི་བཀག་སྡོམ་བྱུང་བ་དེ་ལྟར་ཡང་། དོན་གཅོད་ཀྱིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་སྙིང་བསྡུས་ཤིག་གནང་ཟིན་རྗེས་ཀྭི་བསྭོའི་ལྷ་རྒྱལ་འཐེན་ནས་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ་ཡོད།
མཛད་སྒོ་ཚོགས་ཡུལ་ས་གནས་སུ་ཞོགས་པ་སྔ་པོ་ནས་བལ་གཞུང་བདེ་སྲུང་ལས་ཁུངས་ཁག་ནས་སྐྱ་ཆས་གྱོན་པའི་བདེ་སྲུང་ལས་བྱེད་མང་པོ་ཞིག་དང་ཉེན་རྟོག་པ་བཅས་སླེབས་སོང་བ་མཛད་སྒོ་མ་ཟིན་བར་བསྡད་ཡོད་པ་དང་། དེ་བཞིན་ཉེ་འཁོར་གཡས་གཡོན་དུའང་ཉེན་རྟོག་པ་འགྲེམ་འཇོག་བྱས་འདུག་བཅས་གནས་ཚུལ་སྙིང་བསྡུས་སུ། །