ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ལོ་འདི་བཞིན་བོད་མིའི་སྒྲིག་འཛུགས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པའི་ཆ་ཤས་སུ། ཕ་རན་སིའི་སྐུ་ཚབ་དོན་གཅོད་དང་ཕ་རན་སིའི་བོད་རིགས་ཚོགས་པས་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ཉིན་ཕ་རན་སི་ནང་གི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ ༣༡ ཧྲིལ་པོ་འཁོར་བའི་དུས་དྲན་དྲ་རྒྱ་བརྒྱུད་སྲུང་བརྩི་ཞུ་གཏན་འཁེལ་ཡོད།
དེ་ཡང་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག དགའ་ལྡན་གླིང་ལྟེ་གནས་ཀྱི་འགན་འཛིན་དྭགས་པོ་རིན་པོ་མཆོག དགེ་སློང་མེད་ཐིའུ་རི་ཀཱ་ཌི་ (Matthieu Ricard) ལགས། ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་དང་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇ་ཁུ་ལིན་ (Jacqueline Eustache-Brinio) མཆོག ཕ་རན་སིའི་གྲོས་ཚོགས་འཐུས་མི་དང་ཕ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཨེ་ལི་ཛེ་བྷི་ཐི་ (Elisabeth Toutut-Picard) མཆོག ཕ་རན་སིའི་རྒྱལ་ས་པེ་རི་སིའི་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་རོ་མེ་རོ་མ་ཡི་ཀེལ་ (Jean-Luc Romero-Michel) ལགས། སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་བཅས་ནས་གསུང་བཤད་གནང་གཏན་འཁེལ་ཡོད་པ་དང་། གསུང་བཤད་ཀྱི་ལས་རིམ་ཁག་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པས་ངོ་དེབ་བརྒྱུད་ཐད་གཏོང་གནང་རྒྱུ་ཡིན་པ་བཅས།།