ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕ་རན་སི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༡ འཁོར་བའི་དུས་ཆེན་དྲ་རྒྱ་བརྒྱུད་སྲུང་བརྩི་ཞུས་ཡོད།
དེ་ཡང་དུས་ཆེན་སྲུང་བརྩི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བཟང་སེངྒེ་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་། འགྲོ་བ་མིའི་བཟང་སྤྱོད། ཆོས་ལུགས་ནང་ཁུལ་མཐུན་སྒྲིལ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་གོང་མཐོར་དང་། དེ་བཞིན་དཔལ་ནཱ་ལེནྡྲའི་རིག་གཞུང་བསྐྱར་གསོ་མཛད་བཞིན་པའི་རླབས་ཆེན་གྱི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་བོད་ནང་བཙན་འཛུལ་བྱས་པའི་སྐོར་རྒྱལ་སྤྱིའི་ནང་གསལ་འདོན་མཛད་གནང་ཡོད། ཅེས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཉེ་ཆར་ཕྱི་ཟླ་ ༡༡ ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཕོ་བྲང་དཀར་པོའི་ནང་གཞུང་འབྲེལ་ཐོག་ཕེབས་པའི་གལ་གནད་སྐོར་གསུངས་པ་མ་ཟད། ཡུ་རོབ་སྤྱི་མཐུན་ཚོགས་པ་དང་། ཡུ་རོབ་རྒྱལ་ཁབ་ཁག ལྷག་པར་ཕ་རན་སིའི་གཞུང་བཅས་ནས་གཞུང་འབྲེལ་ཐོག་བོད་མིའི་སྒྲིག་འཛུགས་ངོས་འཛིན་གནང་དགོས་པའི་འབོད་སྐུལ་གནང་ཡོད།
སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཆིབས་སྒྱུར་སྐབས་མགོན་པོ་གང་ཉིད་མཆོག་གིས་ས་དང་གནམ་མ་གཏོགས་ངོ་ཤེས་པ་མི་འདུག་ཅེས་བཀའ་ཕེབས་དགོས་བྱུང་ཡོད་པ་དང་། དུས་ཚོད་དེ་འདྲའི་ཛ་དྲག་ཅིག་གི་འོག་ནས་བོད་མིའི་སྒྲིག་འཛུགས་གསར་འཛུགས་གནང་བ་དང་། རིམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་སོགས་འདས་ཟིན་པའི་ལོ་རྒྱུས་རྗེས་དྲན་བྱ་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས།
ཕ་རན་སིའི་མཁས་དབང་མེ་ཐུ་རི་ཁ་ཌི་ (Mathieu Ricard) ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་ཙམ་མ་ཡིན་པར་འགྲོ་བ་མི་ཡོངས་རྫོགས་ལ་ཕན་བདེ་སྒྲུབ་བཞིན་ཡོད། ཅེས་དང་། རང་ཉིད་བོད་ལ་ཐེངས་ ༢༠ ཙམ་རིང་ཕྱིན་པའི་སྐབས་བོད་ནང་གི་བོད་མི་ཚོས་ནོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་དང་དམ་ཚིག་གཡོ་བ་མེད་པར་ཞུ་བཞིན་འདུག་པས་སེམས་འགུལ་ཧ་ཅང་ཐེབས་བྱུང་། ཞེས་གསུངས།
ཕ་རན་སི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཨེ་ལི་ཛ་བྷེཏ་ཊུ་ཊུ་པི་ཀར་ཌ་མཆོག་གིས། ཕྱི་ལོ་ ༡༩༨༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་གནང་མཛད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། ཕ་རན་སི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོགས་གཙོ་ཡིན་པའི་ཆ་ནས་བོད་དོན་སླད་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་ཡིན། ཞེས་གསུངས།
ཕ་རན་སི་རྒྱལ་ས་པེ་རི་སིའི་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་རོ་མེ་རོ་མ་ཡི་ཀེལ་ (Jean-Luc Romero-Michel) ལགས་ཀྱིས། འབྱུང་འགྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕ་རན་སིའི་ནང་གཞུང་འབྲེལ་ཐོག་གདན་འདྲེན་ཞུ་དགོས། ཞེས་གསུངས།
དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་གསུང་བཤད་གནང་ཡོད།
དགའ་ལྡན་གླིང་ལྟེ་གནས་ཀྱི་འགན་འཛིན་དྭགས་པོ་རིན་པོ་མཆོག་གིས། ཕྱི་ལོ་ ༡༩༥༩ ལོའི་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་གསུང་ཆོས་རབ་དང་རིམ་པ་སྩལ་བར་བརྟེན་བོད་བརྒྱུད་ནང་བསྟན་ལ་དོ་སྣང་སླེབ་བཞིན་པ་སོགས་ཀྱི་སྐོར་གསུངས།
ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇ་ཁུ་ལིན་ (Jacqueline Eustache-Brinio) མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་གནང་གི་ཡོད་པ་ལས་རང་བཙན་རྩོད་ཀྱི་མེད། ཅེས་སོགས་གསུངས། །