ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༠ རེས་གཟའ་ཉི་མའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་དང་། ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག དེ་བཞིན་མང་ཚོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཡང་བཀའ་བློན་མཆོག་གིས་སྤོན་ཊར་ཡོད་པའི་བོད་མིའི་སུང་ཚོང་བ་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། སྤོན་ཊ་སཾ་བྷོ་ཌ་གཏན་སློབ་དང་། ས་གནས་འགོ་འཛིན་གྱི་ལས་ཁུངས། རུམ་ཐག་བཟོ་གྲྭ ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། ས་གནས་གཞོན་ནུ་དང་བུད་མེད་ཚོགས་པའི་ལས་ཁུངས་སོགས་སུ་གཟིགས་སྐོར་དང་ཞ་ལུ་དགོན་དུ་མཆོད་མཇལ་གནང་གྲུབ་མཚམས་འབྲེལ་ཡོད་དང་ལྷན་ས་གནས་སུ་ཡར་རྒྱས་གཏོང་དགོས་ཕྱོགས་ཐད་གོ་བསྡུར་གནང་།
ཕྱི་ཚེས་ ༢༡ ཉིན་བཀའ་བློན་མཆོག་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་སུ་འཚམས་གཟིགས་ཕེབས་ཏེ་ས་གནས་ཀྱི་ལས་གཞི་གལ་ཆེ་བ་ཞིག་སྟེ་ས་མཚམས་རྩིག་སྐྱོར་གྱི་ལས་གཞིར་གཟིགས་ཞིབ་དང་། ས་གནས་འཐུས་ཚོགས་དང་ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་དབུ་འབྱེད་གནང་ཡོད།
བཀའ་བློན་མཆོག་གིས་གོང་གསལ་ས་གནས་གཉིས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་ཏེ་བཀའ་ཤག་སྐབས་བཅོ་ལྔ་པས་ལས་དོན་ཇི་སྤེལ་དང་། ཉེ་ཆར་ཨ་རིའི་གྲོས་ཚོགས་ནང་བོད་དོན་སྲིད་བྱུད་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཚད་མཐོའི་རྒྱབ་སྐྱོར་ཐོག་ནས་གཏན་འབེབས་གནང་བ། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཕེབས་ཡོད་སྐོར་སོགས་གསུངས།
ལྷག་པར་བཀའ་བློན་མཆོག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་༸སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པའི་ཞལ་བཞེས་བཀའ་བཟང་སྩལ་ཡོད་སྟབས་ང་ཚོའི་ངོས་ནས་བཟང་ཕྱོགས་ཀྱི་ལས་དོན་གང་མང་བསྒྲུབ་དགོས་སྐོར་སོགས་གསུངས།
མཐར་བཀའ་བློན་མཆོག་གིས་གཞིས་ཆགས་ཁག་ཡར་རྒྱས་གཏོང་བར་གཙོ་ཆེ་ཤོས་ས་གནས་འགོ་འཛིན་དང་མང་ཚོགས་དབར་འབྲེལ་བ་དམ་ཟབ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། ས་གནས་འགོ་འཛིན་གྱིས་གཞིས་ཆགས་ཡར་རྒྱས་གོང་འཕེལ་ཡོང་སླད་ཧུར་བརྩོན་གནང་བཞིན་པར་བསྔགས་བརྗོད་ཀྱང་གནང་ཡོད། ཕྱོགས་མཚུངས་ས་གནས་མི་མང་ངོས་ནས་ཏོག་དབྱིབས་གཉན་རིམས་ཐད་ལྷོད་གཡེང་མི་བྱེད་པར་སྔོན་འགོག་ཁག་ལག་བསྟར་གནང་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ནས་ཏོག་དབྱིབས་གཉན་རིམས་སྔོན་འགོག་སླད་མཐུན་འགྱུར་གང་ཐུབ་གནང་ཡོད་སྐོར་སོགས་གསུངས།
ཕྱི་ཚེས་ ༢༢ ཉིན་བཀའ་བློན་མཆོག་རྡ་སར་ཕྱིར་མ་ཕེབས་གོང་ (RT-PCR) བརྟག་དཔྱད་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་གཞིར་བཟུང་ད་ལྟ་དབུས་སྣེ་ལེན་ཁང་གི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་ཡོད་པ་བཅས། །