ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༩ རེས་གཟའ་སྤེན་པའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་སྡེ་ར་ལྡུན་ཁྱབ་ཁོངས་ཚེ་རིང་དོན་ལྡན་གཞིས་ཆགས་ཀྱི་ནོར་གླིང་ཚོགས་ཁང་གསར་པ་དབུ་འབྱེད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་བཀའ་བློན་མཆོག་ཚེ་རིང་དོན་ལྡན་བོད་མིའི་གཞིས་ཆགས་སུ་ཕེབས་སྐབས་ས་གནས་མང་ཚོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། སྡེ་ར་སྡུན་ཁྱབ་ཁོངས་ཀྱི་ས་གནས་འགོ་འཛིན་ནོར་བུ་ལགས་ཀྱིས་ཚེ་རིང་དོན་ལྡན་བོད་མིའི་གཞིས་ཆགས་ཕྱི་ལོ་ ༢༠༠༥ ལོར་གསར་བཙུགས་གནང་བ་ནས་བཟུང་ད་བར་ཡར་རྒྱས་ཕྱིན་ཡོད་སྐོར་དང་། གཞན་ཡང་ཚེ་རིང་དོན་ལྡན་བོད་མིའི་གཞིས་ཆགས་ཀྱི་གཞིས་མི་ཡོངས་ཀྱི་ཚབ་ཞུས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་ནང་སྲིད་བཀའ་བློན་མཆོག་གིས་ནོར་གླིང་ཚོགས་ཁང་སླད་རོགས་དངུལ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།
དེ་རྗེས་ནང་སྲིད་བཀའ་བློན་མཆོག་གིས་གསུང་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ནས་ཚེ་རིང་དོན་ལྡན་བོད་མིའི་གཞིས་ཆགས་ཀྱི་ས་ཆའི་བདག་དབང་ཞི་བདེ་ཁང་གསར་ནས་དབུས་བོད་མིའི་ངལ་སེལ་ཚོགས་པར་ (Central Tibetan Relief Committee) བརྗེ་བསྒྱུར་ཐད་ལོ་མང་རིང་འབད་བརྩོན་གནང་ཡོད་སྐོར་དང་། གཞན་ཡང་ད་ཆ་བོད་དོན་ཐོག་རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱབ་སྐྱོར་གནང་མཁན་མང་དུ་ཕྱིན་ཡོད་པ་དང་། ཉེ་ཆར་དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་འཚམས་གཟིགས་ཕེབས་ཡོད་སྐོར་སོགས་དང་། མཐར་བཀའ་བློན་མཆོག་གིས་མང་ཚོགས་ནས་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་ཁག་ལག་བསྟར་གནང་དགོས་སྐོར་དོ་ནན་པོའི་ངང་གསུངས།
དེ་ནས་བཀའ་བློན་མཆོག་གིས་གཞིས་ཆགས་ཀྱི་སྦྱིན་བདག་ (Issac Hishey) ལགས་དང་ཨར་ལས་བོགས་མ་ལེན་མཁན་ (Purand Chand) ལགས་དང་། འཆར་འགོད་པ་ (Ashwani Sharma) ལགས་བཅས་སུ་ཐུགས་རྗེ་ཆེ་མཚོན་ཆེད་ཕྱག་རྟགས་གནང་བ་དང་། ཕྱོགས་མཚུངས་ས་གནས་ཀྱི་སྤྱི་མི་ཟུར་པ་དང་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་དྭངས་བླང་བ་རྣམས་ལ་ལག་འཁྱེར་གནང་སྟེ་མཛད་སྒོ་གྲོལ་ཡོད།
གཞན་ཡང་བཀའ་བློན་མཆོག་གིས་བདེ་སྐྱེད་གླིང་དང་དགེ་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་ཆུའི་དཀའ་ངལ་ཡོད་པར་བརྟེན་ཆུ་མཛོད་ཀྱི་ལས་གཞི་གསར་རྒྱག་ཐོག་གཟིགས་ཞིབ་གནང་སྟེ་སྡེ་ར་སྡུན་ཁུལ་གྱི་འཚམས་གཟིགས་ལེགས་པར་གྲུབ་ཡོད།
སྤྱིར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ལོར་ཚེ་རིང་དོན་ལྡན་བོད་མིའི་གཞིས་ཆགས་ཀྱི་ས་ཆའི་བདག་དབང་ཞི་བདེ་ཁང་གསར་ནས་དབུས་བོད་མིའི་ངལ་སེལ་ཚོགས་པར་སྒྱུར་ཡོད་པ་བཅས། །